Aug 21, 2015

དགེ་རྒན་བཟང་བོ་ཞིག་གི་དམིགས་ཚད་རོབ་ཙམ་གླེང་བ།

སྒྲོལ་མ་ལྷུན་གྲུབ།   སློབ་མས་དུས་སྐབས་སོ་སོར་ཤེས་བྱ་གསར་བ་དག་ཁོང་དུ་ཆུད་དགོས་ན། དགེ་རྒན་གྱིས་ངེས་པར། ངེས་ཟིན་པའི་སློབ་ཚན་ཁྲོད་ཀྱི་རྨང་ག... thumbnail 1 summary

སྒྲོལ་མ་ལྷུན་གྲུབ།

  སློབ་མས་དུས་སྐབས་སོ་སོར་ཤེས་བྱ་གསར་བ་དག་ཁོང་དུ་ཆུད་དགོས་ན། དགེ་རྒན་གྱིས་ངེས་པར། ངེས་ཟིན་པའི་སློབ་ཚན་ཁྲོད་ཀྱི་རྨང་གཞིའི་ཤེས་བྱ་དང་འབྲེལ་ཏེ་དྲི་བ་མང་པོ་འདོན་དགོས་ཤིང་། དེ་དང་མཉམ་དུ་ཤེས་བྱ་གསར་བ་རྣམས་ལས་བྱ་བགོ་བའི་ཐབས་ལ་བརྟེན་ནས་སློབ་མས་སློབ་ཁྲིད་ཀྱི་གོ་བ་བླངས་ཚད་རྟོག་ཞིབ་དང་།སློབ་ཁྲིད་ཀྱི་དམིགས་ཚད་ལྟར་དགོས་ངེས་ཀྱི་རྒྱུ་ཆ་འདེམ་སྒྲིག སློབ་མར་རང་མོས་ལྟར་ཤེས་བྱ་གསར་བ་བློ་ལ་ངེས་སུ་འཇུག་པ་བཅས་བྱེད་དགོས་པ་ལས།

དོན་མེད་ལོང་གཏམ་གྱིས་ནང་དོན་གཙོ་བོ་འགེབས་པའམ་ཆུ་ཚོད་འཕྲོ་བརླག་བྱེད་པ། སློབ་མའི་འོས་འགན་ཇེ་ལྕི་རུ་གཏོང་བ་སོགས་དུས་རྣམ་ཀུན་ཏུ་སྤང་དགོས།

 དང་པོ། སློབ་མའི་ནུས་པ་སྔོག་འདོན་ལ་མཐོང་ཆེན་བྱ་དགོས།

    ཕུལ་བྱུང་དགེ་རྒན་ཞིག་གིས་སློབ་ཁྲིད་རེ་རེའི་ངོས་ནས། སློབ་མའི་ཤེས་བྱ་ངོས་ཟིན་གྱི་ཚད་རྒྱུས་ལོན་བྱེད་ཐུབ་སྟེ། ཡང་དག་པའི་འཁྲིད་ཐབས་ཀྱིས་བསླབ་ཚན་ཞིག་གི་དུམ་མཚམས་རེ་རེའི་དོན་དང་སྤྱིའི་བརྗོད་བྱ། དགོས་པ་དང་ཉིང་དགོས་སོགས་དངོས་ཤུགས་རྣམས་བདེ་བླག་ངང་ཁོང་དུ་ཆུད་པར་བྱེད་ནུས་པས། སློབ་མས་གོ་བ་བླངས་ཟིན་པའི་ཤེས་བྱ་བེད་སྤྱད་དེ་སྦྱང་གཞིར་ནན་བལྟ་དང་རིམ་བཞིན་སྦྱོང་རྡར། འཚོ་བའི་ལག་ལེན་དང་འབྲེལ་ཏེ་ལས་བྱ་ཡོངས་འགྲུབ་བྱེད་པ་བཅས་ལ་མཉམ་འཇོག་དང་ཁག་ཐེག་བྱ་དགོས། སློབ་ཁྲིད་དང་སློབ་ཁྲིད་བར་གྱི་འབྲེལ་བ་ནི་ཤེས་བྱའི་བྱང་ཚད་ཀྱི་བརྒྱུད་རིམ་བརྟན་སྲུང་དང་སློབ་མའི་སྤྲོ་བ་ཆེར་སྐྱེད་ཀྱི་དགོས་ངེས་ཆ་རྐྱེན་ཡིན་ལ། སློབ་ཁྲིད་སྔ་ཕྱིའི་བར་དུ་ཕན་ཚུན་ཚགས་དམ་པའི་འབྲེལ་བ་ཆགས་པས་ན། སློབ་ཁྲིད་སྐབས་ཀྱི་ལས་བྱ་དང་ཁྱིམ་སྦྱོང་བར་གྱི་འབྲེལ་བའང་དེ་མཐུན་གྱིས་སླ་མོའི་ངང་སྒྲིག་འཛུགས་བྱེད་ཐུབ་པ་ཡིན། སློབ་ཁྲིད་དངོས་གཞིའི་སྐབས་སུ། དུས་རྒྱུན་དུ་སློབ་མའི་ཤེས་བྱའི་བྱང་ཚད་ལ་ལྟ་རྟོག་བྱེད་པ་ལས་གཞན། སློབ་ཁྲིད་ཀྱི་ནང་དོན་དེ་དག་ལས་གང་དག་གིས་ཁོ་ཚོར་བདེན་དགེ་མཛེས་གསུམ་གྱི་མཛེས་དཔྱོད་ལྟ་ཚུལ་བསྐྲུན་ཐུབ་པ་དང་། གང་དག་གིས་བློ་རིག་གི་འཆར་སྒོ་སྣ་ཚོགས་བསྐྱེད་ཐུབ་པ། གང་དག་ནི་སློབ་མའི་བློ་ཁ་དང་འཚམ་ཞིང་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་པ། གང་དག་ནི་སློབ་མར་སྤྱི་ཚོགས་རིང་ལུགས་དང་། མེས་རྒྱལ་ལ་དགའ་ཞེན་བྱེད་པའི་ཚད་མཐོའི་ཀུན་སྤྱོད་སྐྱེད་སྲིང་གི་ནུས་པ་འདོན་ཐུབ་པའི་སློབ་དེབ་དང་དུམ་ཚན་ཡིན་པར་ཡིད་གཟབ་བྱེད་དགོས་པ་ཡིན་ནོ།།

གཉིས་པ། སློབ་ཁྲིད་སྐབས་སུ་སློབ་མའི་བྱེ་བྲག་གི་བྱ་འགུལ་ལ་མཐོང་ཆེན་བྱ་དགོས།

    དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་དུས་ངེས་པར་མཉམ་འཇོག་དགོས་ས་ནི། སློབ་ཐུན་གཅིག་གི་དུམ་ཚན་གང་གི་མཚམས་སུ་འཛིན་ཚེ་ཧྲིལ་བོར་ཁ་གཏོད་དགོས་པ་དང་། གང་གི་མཚམས་སུ་སློབ་མ་ཁ་ཤས་སམ་རེ་རེར་དྲི་བ་འདོན་པ། གང་གི་མཚམས་སུ་ཚོ་ཆུང་བགོས་ནས་དཔྱད་བསྡུར་བྱེད་པ། ག་འདྲ་བྱས་ནས་ཚོ་ཆུང་སོ་སོའི་སློབ་མ་རེ་རེའི་ཧུར་བརྩོན་རང་བཞིན་གོང་སྤེལ་བྱེད་པ་སོགས་ལ་ཞིབ་འདང་རྒྱག་དགོས། དགེ་རྒན་མང་པོས་ལག་ལེན་གྱི་ཁྲོད་དུ་སློབ་མའི་རང་སྦྱོང་གི་ལས་བྱར་དོ་སྣང་བྱས་པ་མི་འདང་བས་དེ་གལ་ཆེན་དུ་འཛིན་དགོས། ད་དུང་ཁ་ཅིག་གིས་སློབ་མའི་རང་སྦྱོང་གི་ལས་བྱ་ཁྱིམ་སྦྱོང་ལ་བརྩིས་ཏེ་སློབ་མའི་འགན་འཁུར་ཇེ་ལྕིར་གཏོང་བཞིན་པ་སོགས་ནི་བྱེད་ཐབས་ཡང་དག་ཅིག་མིན་པས་དེའི་རིགས་སྤང་དགོས།
    ཕུལ་བྱུང་དགེ་རྒན་ཞིག་ཡིན་ཚེ། སློབ་དེབ་སྟེང་གི་རང་སྦྱོང་གི་ལས་བྱ་དེ་དག་སློབ་ཐུན་གྱི་སྐབས་སུ་སློབ་མར་བཀོད་སྒྲིག་བྱས་ནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་། སློབ་མར་གསར་གཏོད་རང་བཞིན་ལྡན་པའི་སྦྱོང་གཞི་གང་མང་ཞིག་གཏན་འཁེལ་བྱ་རྒྱུར་དོ་སྣང་བྱེད་དགོས་པར་མ་ཟད། ཁོ་ཚོའི་ལྟ་ཞིབ་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ།བློས་བསླངས་ཀྱི་ནུས་པ་སོགས་འཕེལ་རྒྱས་འབྱུང་བར་ཕན་པའི་ལས་བྱ་བཀོད་སྒྲིག་བྱ་དགོས་ཤིང་། སློབ་མར་ལག་ལེན་ཁྲོད་ཤེས་བྱ་བཀོལ་སྤྱོད་བྱེད་པའི་ནུས་པ་མཐོར་འདེགས་ཡོང་བ་བྱ་དགོས། གལ་ཏེ་སློབ་ཁྲིད་རེ་རེར་ཁྱད་ཆོས་དེ་དག་ལྡན་ཚེ། སློབ་མའི་སློབ་སྦྱོང་ལ་སྐུལ་འདེད་ཀྱི་མཐུན་རྐྱེན་བླ་ན་མེད་པ་བསྐྲུན་ཡོད་པ་རེད། དེ་བཞིན་དགེ་རྒན་གྱིས་སློབ་མར་བཅངས་པའི་ལྟ་ཚུལ་ཡང་དག་ཡིན་དགོས་ཏེ། སྒྲིག་སྲོལ་དང་འགལ་བའི་སློབ་མར་ཡང་འོས་འཚམ་དང་ཐབས་མཁས་ཀྱིས་སློབ་གསོ་བཏང་སྟེ་ནོར་འཁྲུལ་ངོས་ཟིན་དུ་བཅུག་ཐོག རང་བརྩིའི་འདུ་ཤེས་སྐྱེད་སྲིང་བྱས་ཏེ་མ་འོངས་པར་གྲུབ་འབྲས་ལེགས་པོ་ལེན་པའི་དམིགས་འབེན་གསལ་བོར་སྟོན་དགོས་པ་ལས། བཙན་ཤེད་བཀོལ་བའམ་ཡ་ང་བའི་མནར་གཅོད་དང་ཚད་ལས་བརྒལ་བའི་སྐྱོན་བརྗོད་བྱས་ཏེ་སློབ་མའི་རང་གཤིས་ལ་དམའ་འབེབ་བྱེད་མི་ཆོག  ཕུལ་བྱུང་དགེ་རྒན་གྱིས་འཛིན་གྲྭའི་སློབ་མ་ཡོད་ཚད་ལ་ཐུགས་བརྩེའི་གཟིགས་པ་ཕྱོགས་སུ་མ་ལྷུང་བའི་སྒོ་ནས། མགོ་མཇུག་བར་གསུམ་དུ་ནན་ཏན་གྱིས་སློབ་ཁྲིད་ལ་ཉན་པའི་གོམས་སྲོལ་ཆགས་སུ་འཇུག་དགོས་པ་དང་། ཁོ་ཚོར་རང་མོས་ལྟར་སྐབས་བབ་ཀྱི་དཔེར་བརྗོད་དང་དོན་དངོས་ཀྱི་རྒྱུ་ཆར་དབྱེ་ཞིབ་བྱེད་དུ་བཅུག་སྟེ། སློབ་མ་ཚོས་དྲིས་ལན་བཏབ་པར་གཟབ་ནན་གྱིས་ཉན་ནས་དྲིས་ལན་དག་བཅོས་དང་། ཁ་གསབ་བྱས་ནས་བློ་སྒོ་འབྱེད་དགོས། ད་དུང་དགེ་རྒན་གྱིས་སློབ་མ་ཚོར་ཁྱིམ་སྦྱོང་ཡོངས་འགྲུབ་བྱེད་དུས་འོས་འཚམ་གྱི་ཐབས་ཤེས་བཀོལ་ནས་ཕན་ཚུན་ལ་འབྲེལ་གཏུགས་དང་རོགས་རམ།གསབ་ཁྲིད་སོགས་བྱེད་དུ་འཇུག་དགོས་སོ།།

གསུམ་པ། སྦྱང་གཞི་བཀོད་སྒྲིག་ལ་མཐོང་ཆེན་བྱ་དགོས།

    སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱིས་ནམ་ཡང་སློབ་དེབ་དངོས་གཙོ་བོར་བཟུང་ཞིང་། ཟུར་ལྟའི་ཀློག་དེབ་ཀྱི་སྟེང་དུ་དུས་ཚོད་ཉུང་བཀོལ་བྱས་ནས་སློབ་ཁྲིད་ཀྱི་དམིགས་འབེན་འགྲུབ་པར་བྱ་དགོས་ལ། སློབ་ཐུན་གཅིག་གི་དུས་ཚོད་དེ་སློབ་ཁྲིད་འཆར་གཞི་ལས་བརྒལ་མི་རུང་། སློབ་མས་ཁྲིད་ཟིན་པའི་ནང་དོན་ཁ་ཤས་སྔར་བཞིན་གསལ་བོར་རྟོགས་ཐུབ་མེད་པ་ནི། དགེ་རྒན་གྱི་ཁྲིད་སྟངས་མ་ལེགས་པའམ་སློབ་མས་ཕྱོགས་ཡོངས་ནས་སྦྱོང་བ་མ་བྱས་པ། ཁྱིམ་སྦྱོང་བཀོད་སྒྲིག་བྱས་པ་འོས་འཚམ་མིན་པ། སློབ་མས་ལས་བྱ་རང་ཉིད་ཀྱིས་མ་བྲིས་པ་བཅས་ཀྱི་སྐྱོན་ཡིན་ནོ།།
    གཞན་ཡང་དགེ་རྒན་གྱིས་སློབ་མ་གཅིག་ལ་སློབ་ཁྲིད་བྱེད་པའི་དུས་མཚུངས་སུ། སློབ་མ་གཞན་དག་གིས་དེ་དང་འབྲེལ་མེད་ངང་དུས་ཚོད་ཆུད་ཟོས་སུ་གཏོང་བར་མཉམ་འཇོག་བྱ་འོས།

བཞི་པ། དུས་ཚོད་བཀོད་སྒྲིག་ལ་མཐོང་ཆེན་བྱ་དགོས།

    དུས་ཚོད་དམ་འཛིན་གྱིས་གནད་དོན་ཐག་གཅོད་པར་གོམས་སུ་འཇུག་དགོས་ན། སློབ་མ་ཡོངས་ལ་དུས་ཚོད་ནི་ཚེ་སྲོག་དང་དུས་ཚོད་ནི་རྒྱལ་ཁ་ཡིན་པའི་གནས་ལུགས་སྣ་ཚོགས་ཟུར་ངོས་མི་འདྲ་བ་སོ་སོ་ནས་གླེང་དགོས་པ་སྟེ། སྔོན་བྱོན་མེས་པོ་དག་གིས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དག་དང་ཕམ་ཁ་མྱངས་པ་ཐམས་ཅད་ཀྱང་དུས་ཚོད་དམ་འཛིན་བྱས་མ་བྱས་ཀྱི་ཁྱད་པར་དང་། ལག་ལེན་དངོས་ཀྱི་བདེན་དཔང་ཡིན་པ་གཙོ་གནད་དུ་བཟུང་སྟེ་འཆད་དགོས་པ་དང་། སློབ་ཆད་བྱས་པའི་སློབ་མའི་མིང་ཐོ་དང་སློབ་མའི་སྐར་གྲངས་རྣམས་ཀྱང་ཟིན་བྲིས་སུ་ལེགས་པོར་འགོད་དགོས། ཁྱིམ་སྦྱོང་གི་ལས་བྱ་ག་འདྲ་ཞིག་གཏན་འཁེལ་བྱས་པ་དང་།སློབ་གྲོགས་ལ་ལའི་མི་འདང་ས། ཁོ་ཚོས་དྲིས་ལན་བཏབ་པ་དང་སྦྱང་གཞིའི་ཁྲོད་ནོར་འཆུག་བྱུང་ཡོད་མེད་ལ་དོ་སྣང་བྱེད་པ་དང་། ནམ་ཞིག་ལ་གཟེངས་བསྟོད་དང་སུ་ཞིག་ལ་སྐྱོན་བརྗོད་བྱས་པ་སོགས་སློབ་ཕྱིའི་ཟིན་ཐོར་འབྲི་དགོས་པར་མ་ཟད། དགེ་རྒན་གྱིས་གཟབ་ནན་སྒོས་སྐར་མ་གཅིག་ཀྱང་རིན་ཆེན་ནོར་བུ་ཇི་བཞིན་གཅེས་སུ་བཟུང་སྟེ་ཆུད་ཟོས་སུ་མི་གཏོང་བའི་མིག་དཔེ་སྟོན་དགོས་ལ། སློབ་མས་ཀྱང་དེ་བཞིན་དུ་དགེ་རྒན་གྱི་དམིགས་ཡུལ་ལྟར་རང་ནུས་ཅི་ལྕོགས་ཀྱིས་དཔུང་བ་མཉམ་གཤིབ་དང་གོམ་པ་མཉམ་སྤོའི་གོམས་སྲོལ་བཟང་པོ་ཆགས་སུ་འཇུག་དགོས་སྙམ།

ལྔ་པ། མཇུག་བསྡུ་བའི་གཏམ།

    མདོར་ན། དགེ་རྒན་ཞིག་ཡིན་ཚེ། རང་ཉིད་ཀྱི་ལས་རིགས་ལ་དགའ་ཞེན་དང་། སློབ་ཁྲིད་ཀྱི་ཆུ་ཚད་ཇེ་ལེགས་སུ་གཏོང་བར་རེ་བ་ནན་མོ་བཏོན་ཏེ། དུས་དང་རྣམ་པ་ཀུན་ཏུ་སློབ་མའི་དགའ་ཁ་འཁྱེར་སོ་དང་། སློབ་མ་རེ་རེའི་འཇོན་ནུས་ལ་ཉམས་ཞིབ་བྱས་ཏེ་ཐབས་མཁས་ཀྱིས་སྐྱེད་སྲིང་དང་གབ་པ་མངོན་ཕྱུང་གི་ཚུལ་དུ་སྔོག་འདོན་བྱ་དགོས། སློབ་ཁྲིད་བྱས་པ་བཟང་ན། དགེ་སློབ་སུ་ལའང་ཧུར་བརྩོན་གྱི་འདུ་ཤེས་འབྱུང་སྲིད་ཅིང་། དེ་ལྟར་ན་སློབ་མའི་ཤེས་བྱའི་ཆུ་ཚད་ཀྱང་ཇེ་མཐོ་ནས་ཇེ་ལེགས་སུ་འགྲོ་ཐུབ་ངེས་ཡིན། ད་དུང་གལ་ཆེ་བ་ཞིག་ནི། དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཐབས་རྩལ་ཇེ་མཐོར་གཏོང་བ་དང་མཉམ་དུ་ངེས་པར་སློབ་ཁྲིད་ཀྱི་འོས་འགན་དང་ནང་དོན། དམིགས་ཚད། དཀའ་གཙོ་གནད། དགེ་རྒན་གྱི་འཁྲིད་ཐབས། སློབ་པ་ནས་སྦྱོང་ཐབས་བཅས་ཁྱོན་ཡོངས་ནས་འོས་འཚམ་དང་དོ་མཉམ་བྱས་ཐོག་སློབ་ཁྲིད་ནི་དགེ་སློབ་བར་གྱི་འདྲ་མཉམ་གྱི་བརྗེ་རེས་དང་ཁ་གསབ། དགེ་སློབ་བར་གྱི་འབྲེལ་འདྲིས་དང་སྤྲོ་སྣང་ལྡན་པའི་བྱ་འགུལ་ཞིག་ཏུ་བརྩིས་ཏེ་སློབ་ཁྲིད་རེ་རེས་དགེ་སློབ་ཡོངས་རྫོགས་ཀྱི་སེམས་ཁམས་སྤྲོ་སྣང་ལྡན་པའི་སྒོ་ནས་ལེགས་འགྲུབ་ཡོང་བར་བརྩོན་དགོས་སོ།།

རྩོམ་པ་པོ་ནི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན།
མཚོ་སྔོན་བོད་ཡིག་གསར་འགྱུར།2014·11·21།པར་ངོས16པ།

1 comment