Aug 21, 2015

དགེ་རྒན་ཆེན་མོ་བླ་མ་སྐྱབས་མཆོག་གི་ངོ་སྤྲོད་མདོར་བསྡུས།

    གལ་ཏེ་མི་ཚེ་ནི་ཐེངས་གཅིག་ལ་མ་གཏོགས་འཐོབ་མི་ཐུབ་པའི་རིན་བྲལ་གྱི་ནོར་བུ་ཞིག་ཡིན་པར་བྱས་ན། ཁོས་ཁེ་གྲགས་དང་གོ་ཐོབ་བསྙེགས་ནས་རང་སྐྱིད་གཞན་ས... thumbnail 1 summary
    གལ་ཏེ་མི་ཚེ་ནི་ཐེངས་གཅིག་ལ་མ་གཏོགས་འཐོབ་མི་ཐུབ་པའི་རིན་བྲལ་གྱི་ནོར་བུ་ཞིག་ཡིན་པར་བྱས་ན། ཁོས་ཁེ་གྲགས་དང་གོ་ཐོབ་བསྙེགས་ནས་རང་སྐྱིད་གཞན་སྨོན་གྱི་བདེ་བ་དོན་དུ་གཉེར་མེད་ཅིང་། གལ་ཏེ་མི་ལུས་ནི་བསྐལ་བ་སྟོང་དུ་བསགས་པའི་དགེ་རྩ་ལ་བརྟེན་པའི་ངལ་གསོ་ཡི་སྐས་སྟེགས་ཤིག་ཡིན་པར་བྱས་ན། ཁོ་རང་ཐར་རང་བཙན་དང་རང་རྒྱལ་རང་བདེ་ཡི་སྐྱིད་ལམ་དུ་ཡང་ཞུགས་མེད་པར། མི་ཚེ་འོད་དུ་བསྒྲོན་ནས་གཞི་རིམ་རོང་འབྲོག་ས་ཆའི་གཞོན་སྐྱེས་སློབ་བུ་རྣམས་ཀྱི་དོན་དུ་ཡོད་ཚད་བློས་བཏང་ཡོད་པས།

འགྱུར་ལྡོག་སྐྱེན་ལ་མཐོ་གནོན་དྲག་པའི་སྤྱི་ཚོགས་ཀྱི་གོམ་འགྲོས་གཞན་ཕན་དོན་གཉེར་གྱི་དམ་བཅའ་རེ་རེ་དང་སྤྱི་ཚོགས་ཡར་སྐུལ་གྱི་བརྩོན་སེམས་རེ་རེ་སིལ་བུར་གཏོར་དུས། ངས་ནམ་རྒྱུན་དེ་ལྟའི་རླབས་ཆེན་གྱི་མི་སྣ་ཞིག་དྲན་ཞིང་འོངས་ཏེ། ཁོང་ནི་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའམ་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཆེན་མོ་བླ་མ་སྐྱབས་ལགས་རེད།
        ཁོང་ནི་སྤྱི་ལོ1960ལོར་གཅན་ཚ་རྫོང་གཅན་ཚ་ཐང་སྤྲེལ་ནག་སྡེ་བར་སྐྱེས་ཏེ། རེས་བསྐྱོད་རེས་སྡོད་ཀྱི་སློབ་གཉེར་ཁྲོད་རིམ་བཞིན་སློབ་ཆུང་ནས་མཐར་ཕྱིན་ལ། 1977ལོར་ལོ་དེ་གའི་ཁུལ་ཡོངས་ཀྱི་ཨང་དང་པོའི་རྒྱུགས་འབྲས་ཀྱིས་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་རྡོག་ཐོན་བྱུང་བ་དང་། ཁོང་རིག་པ་བཟང་ཞིང་བརྩོན་པ་ཆེ་བས་མ་གཞིར་དམའ་འབྲིང་དང་འབྲིང་རིམ་དགེ་འོས་ཆེད་སྦྱོང་གཉིས་ཧྲིལ་གྱིས་ལོ་ངོ་དྲུག་རིང་སློབ་གཉེར་བྱ་དགོས་པའང་ཁོང་གིས་ལོ་ལྔའི་ཡུན་ལ་སློབ་ཐོན་བྱུང་བ་མ་ཟད། ལོ་དེར(1982ལོ)ཕྱིར་སློབ་གྲྭ་དེ་གའི་དགེ་རྒན་དུ་ཉར་བ་རེད། དེ་ནས་བཟུང་ཆེད་སྦྱོང་དང་རམས་འབྱམས་པའི་བསླབ་གནས་ལ་བརྩོན་པའི་ལོ་ངོ་འགའི་རིང་མ་གཏོགས། རང་ཉིད་དགེ་རྒན་གྱི་ལས་རྐང་དུ་ཐོག་མར་ཞུགས་སའི་སློབ་གྲྭ་དེ་གར་གཞོན་སོ་དཀར་ནས་རྒན་སྐྲ་དཀར་དུ་གྱུར་རག་བར་ཕྱི་རབས་སློབ་བུ་འཛིན་སྐྱོང་བྱེད་པའི་ལས་གནས་སུ་བརྟན་བཞུགས་བྱས་ཏེ། དགེ་ཐོན་སློབ་གྲྭ་དེ་ཉིད་མཐོ་རིམ་སློབ་འབྲིང་དུ་བསྒྱུར་ནས་ཀྱང་མུ་མཐུད་དུ་གནས་དེ་ག་ནས་ལས་འཁྱུར་ངལ་གསོ་བྱེད་རག་བར་དཔེ་ཁྲིད་མི་སྐྱོང་གི་ཕག་ལས་གནང་ཡོད་པ་རེད།

       དེ་ལྟར་ཡུན་རིང་དུ་གཞི་རིམ་སློབ་གསོའི་ལས་དོན་བསྒྲུབས་པའང་རང་གི་འགན་བབས་བྱ་བ་བསྒྲུབས་པ་ཙམ་དང་གླ་ཕོགས་དོན་གཉེར་ཙམ་གྱིས་ཉི་མ་འཁྱོལ་ཐབས་བྱས་པ་མིན་པར། 1983ལོ་ཙམ་ནས་བཟུང་ཉིན་གུང་དང་ཕྱི་དྲོ། དགོང་དྲོའི་དུས་ཡུན་བེད་སྤྱད་ནས་རང་འཛིན་གྲྭའི་སློབ་མ་ཙམ་མ་ཡིན་པའི་སློབ་གཉེར་གྱི་འདུན་པ་དྲག་པའི་སློབ་བུ་གང་མང་ལ་དུས་ཚོད་གཅིག་རེ་ཐུན་རེར་བྱས་པའི་ཐུན་བཞི་རེར་ལོ་ངོ་གང་མང་རིང་སུམ་རྟགས་དག་གསུམ་དང་སྙན་ངག་མངོན་བརྗོད་སོགས་གང་ལ་གང་འཚམས་དང་གང་ལ་གང་འདོད་དུ་ཟུར་ཁྲིད་བྱེད་འགོ་བརྩམས་པ་དང་། ཟུར་ཁྲིད་བྱེད་རྒྱུན་དེའང་དགེ་ཐོན་སློབ་གྲྭ་དེ་ཉིད་མཐོ་རིམ་སློབ་འབྲིང་དུ་བསྒྱུར་རག་བར་རྒྱུན་བསྐྱངས་ཡོད་ལ། ཟུར་ཁྲིད་ཀྱི་ཐུན་སྔ་མ་མ་གྲོལ་གོང་ནས་སློབ་ཐུན་ཕྱི་མ་བ་དག་གིས་སྒོ་ཕྱི་ནས་སྒུག་ཅིང་འདུག་པར་བྱུང་བས། མི་རྐྱང་དུ་གྱུར་བའི་སྐབས་དེའི་ཁོང་ལ་མཚོན་ན་སློབ་གྲྭའི་ཇ་ཁང་གི་ཟ་མ་ཁ་ལ་མ་རེག་པར་ཐེངས་མང་དུ་སྒོ་ཕྱི་ནས་ཕོ་བ་འགྲང་ཐབས་བྱ་དགོས་ཀྱང་བྱུང་། དགེ་ཐོན་སློབ་གྲྭ་ཉིད་མཐོ་རིམ་སློབ་འབྲིང་དུ་བསྒྱུར་རྗེས་ནས་ཀྱང་། འཛིན་གྲྭའི་བདག་པོའམ་འཛིན་བདག་གི་འགན་ལོ་རིམ་རིམ་བརྒྱུད་དུ་དང་ལེན་བྱས་པའི་ཁོང་གིས་ནན་ཏིག་གིས་སློབ་ཁྲིད་བྱེད་པ་དང་བསླབ་ཚན་གཞན་པའི་སྦྱངས་འབྲས་ལ་ལྟ་སྐུལ་བྱེད་པ་ལས་གཞན། ནམ་རྒྱུན་ཞོགས་པའི་ཆུ་ཚོད་ལྔ་པ་ཙམ་ནས་སློབ་མ་དག་མལ་ལས་བསླངས་ཏེ་ཞོགས་སྦྱོང་བྱེད་པར་བསྐུལ་ཞིང་སྲུང་ལ། ཕྱི་དྲོ་དང་དགོང་དྲོའི་དངོས་གཞིའི་སློབ་ཁྲིད་མེད་པའི་སྐབས་དག་ལའང་དེ་བཞིན་དུ་སློབ་མ་རྣམ་པར་བརྩོན་བསྐུལ་བྱས་པ་མ་ཟད། ཐ་ན་གཟའ་ཉི་མའི་ཉིན་ལ་ཡང་སློབ་མ་དག་བསྡུས་ནས་རོལ་རྩེད་དང་སྦྲགས་ནས་ཁོ་ཚོར་སློབ་སྦྱོང་བྱེད་དུ་བཅུག་སྟེ། དེ་ལྟར་འབད་པས། དགེ་ཐོན་སློབ་གྲྭའི་སྐབས་སློབ་བུ་དག་གིས་རང་འགུལ་གྱིས་དུ་བ་འཐེན་པ་དང་ཆང་འཐུང་བ། འཁོན་རེས་བྱེད་པ་སོགས་བཅད་ནས་འཛིན་གྲྭའི་ནང་ཁུལ་དུ་སྒྲིག་སྲོལ་གསར་བ་གང་མང་གཏན་འབེབས་བྱས་ཤིང་སྲུང་བའི་སྣང་ཚུལ་ཐོན་པ་དང་། བྱས་པ་དྲིན་དུ་ཚོར་ནས་རང་བསམ་གྱིས་ཁོང་ལ་འཐུང་ཆུ་ལེན་པ་དང་གོན་པ་བཀྲུ་བ་སོགས་གང་ཐུབ་ཐུབ་ཏུ་བྱེད་པ་བྱུང་ལ། མཐོ་འབྲིང་སློབ་མ་དག་ནས་ཀྱང་ཕན་ཚུན་བར་ཁ་རྩོད་ཚིག་རྩོད་ཙམ་ཡང་མེད་པའི་འཆམ་མཐུན་མཐུན་སྒྲིལ་གྱི་དགོད་སྒྲ་དང་དགའ་སྣང་གི་ངང་ལ་སློབ་གཉེར་བྱས་པར་འདུག་སྟེ། སློབ་གསོ་གནད་དུ་ཐིངས་པའི་ཀུན་སྤྱོད་ལེགས་བསྒྱུར་གྱི་འབྲས་རྟགས་ཁྱད་དུ་ཐོན་པ་ཡིན། དེ་བཞིན་རྨ་ལྷོ་ཁུལ་གྱི་ས་གནས་སོ་སོའི་སློབ་གྲྭ་ཆུང་འབྲིང་ཀུན་དུ་ཁོང་གིས་བསྐྱངས་པའི་སློབ་མ་དག་གིས་ཁེབས་ཤིང་། ཀུན་ཀྱང་གཞི་རིམ་རྐང་འཛིན་དགེ་རྒན་དུ་གྱུར་ཡོད་པ་མ་ཟད། ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་དང་བཅས་པའི་ལས་གནས་སོ་སོར་ཡང་སོ་སོར་ཆེ་བའི་རྒྱལ་མཚན་གྱིས་བརྒྱན་པའི་སློབ་བུ་མང་ལ། མཐོ་རྒྱུགས་ཀྱི་འབྲས་རྟགས་གཟེངས་སུ་ཐོན་ནས་སློབ་ཆེན་གང་མང་དུ་ཕྱིན་པས་རྒན་ཡོལ་ལ་ཐུག་པའི་ཁོང་ལ་མཐོ་རྒྱུགས་རྒྱུགས་འབྲས་ཕུལ་ཕྱིན་གྱི་བྱ་དགའ་ཡང་གནང་འདུག་སྟེ། ཤེས་བྱའི་བཅུད་ཀྱིས་བསྐྱངས་པའི་འབྲས་རྟགས་ཀྱང་ཁྱད་དུ་ཐོན་ཡོད་པ་རེད།
        ཁོང་གིས་མི་ལོ་སུམ་ཅུ་ལྷག་ལ་དེ་ལྟར་དུ་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱིས་སྤྱོད་ཡོན་གཉིས་ཆ་ནས་བློ་ལྡན་གྱི་སློབ་བུ་གང་མང་བསྐྱངས་ཤིང་། དེ་ལྟར་བསྐྱངས་པ་ཡང་རང་ལ་དེ་ལྟའི་ཡོན་ཏན་མེད་བཞིན་དུ་བྱས་པའང་མིན་ཏེ། 1982ལོ་ནས་བཟུང་ཉིན་གུང་དང་ཕྱི་དྲོ་སོགས་ཀྱི་ཁོམ་སྐབས་བཙལ་ཏེ་ལོ་ངོ་དྲུག་རིང་མཁས་དབང་ཆེན་མོ་ཨ་ཁུ་ལྷ་མོ་སྐྱབས་དགེ་རྒན་དུ་བསྟེན་ནས《སྙན་ངག་མེ་ལོང་མ》གཙོས་སུམ་རྟགས་དག་གསུམ་དང་སྒྲ་རིག་པ། སྙན་ངག མངོན་བརྗོད། སྡེབ་སྦྱོར། མངོན་པ་མཛོད་སོགས་ལ་སྦྱོང་བ་མཐིལ་ཕྱིན་མཛད་པ་མ་ཟད། རྒན་ཆེན་མོ་འཇམ་དབྱངས་གྲགས་པ་དང་བཤེས་གཉེན་ཆེན་མོ་ལྷ་སྡེ་ཨ་ཁུ་ཚང་། བཤེས་གཉེན་ཆེན་མོ་སྨད་པའི་ཨ་ཁུ་འཕྲིན་ལས་རྒྱ་མཚོ་སོགས་ཀྱི་མདུན་ནས་ཀྱང་སུམ་རྟགས་དང་སྙན་ངག ལམ་རིམ། སྤྱོད་འཇུག གྲུབ་མཐའ་སོགས་ལ་སྦྱོང་བ་མི་དམན་པ་བྱས་ཤིང་། 1988ལོར་ཞིང་ཆེན་ཡོངས་ཀྱི་ལོ་དེའི་བོད་ཡིག་སྐར་འབྲས་ཨང་གཉིས་པའི་འབྲས་རྟགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཞུགས་ཏེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་དང་གོ་ཤུལ་གྲགས་པ་འབྱུང་གནས་སོགས་དགེ་རྒན་དུ་བསྟེན་ཞིང་། ཁྱད་པར་དུ་ཁོམ་ལོང་ནམ་ཡོད་ལ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་དང་ཡོངས་ཀྱི་བཤེས་གཉེན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་རྣམ་གཉིས་ཉེ་བར་བསྟེན་ནས《སི་ཏུའི་འགྲེལ་ཆེན》གྱི་ཁྲིད་རྒྱུན་དང་《ཚངས་སྲས་བཞད་སྒྲའི》ཁྲིད་རྒྱུན་ཆ་ཚང་གཙོས་སུམ་རྟགས་དག་གསུམ། སྒྲ་སྙན་མངོན་བརྗོད་སོགས་ལ་སྦྱོང་བ་བྱས་པ་དང་། ཁོམ་སྐབས་ནམ་ཡོད་ལ་དུས་ཅན་དུ་ཡོངས་ཀྱི་བཤེས་གཉེན་ཆེན་མོ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་གི་དྲུང་དུ་ཕྱིན་ནས་ཀྱང《ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་ཆབ་ཤོག་ཕྱོགས་བསྒྲིགས》ཆ་ཚང་དུ་ཞུས་ལ། མཁས་དབང་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་དང་མཁན་ཆེན་ཁྲོ་རུ་ཚེ་རྣམ། རྗེ་དམུ་དགེ་བསམ་གཏན་བཅས་ཀྱི་གསུང་གི་བདུད་རྩིའང་མི་དམན་པ་ཐོབ། དེའི་རྗེས་སུ་ཡང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཟུར་ཞུགས་ཀྱིས་རྒན་ཆེན་མོ་ཀླུ་རྒྱལ་འབུམ་དང་བློ་བཟང་ཆོས་གྲགས་རྣམ་གཉིས་གཙོས་པའི་དགེ་རྒན་ཆེན་མོ་གང་མང་གི་མདུན་ནས་དངོས་གཞིའི་ཞིབ་འཇུག་སློབ་མ་དག་དང་མཉམ་དུ་སློབ་གཉེར་བྱས་ཡོད་དེ། དེ་དག་ཐམས་ཅད་ཀྱང་གང་ལ་སྦྱངས་པའི་དོན་རྣམས་ཀུན་སློང་རྣམ་པར་དག་པས་ཚུལ་བཞིན་དུ་ཤ་ཟད་རུས་ཐུག་ཏུ་བསླབས་པ་ཡིན་འདུག དེ་བས། ཁོང་དཔོན་སློབ་དག་ནས་ཀྱང་ཐུགས་རྩིས་ཆེ་སྟེ། ཁོང་ཉིད་ནས་དང་ལེན་མ་བྱས་པ་མ་གཏོགས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕྱིར་དགེ་རྒན་དུ་ཉར་འཇོག་བྱས་པ་དང་། ཐ་ན་ཞིབ་འཇུག་བསླབ་གནས་གཉེར་སྐབས་ཁོང་ཉིད་མ་སླེབས་ཚེ་དཔེ་ཁྲིད་རེ་ཞིག་མཚམས་བཞག་པའི་དུས་ལའང་བསླེབས་ནས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་དཔོན་ཆེན་མོར་རང་བཞིན་དུ་གྲུབ་པས། དེང་དུས་ཀྱི་མཁས་དབང་ཆེན་མོ་ཉན་ཤུལ་མདོ་སྡེ་མགོན་པོ་ནས་ཀྱང་ཁོང་གིས་བརྩམས་པའི《དགུ་རོང་ཨ་ལགས་འཕྲིན་ལས་ཚང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར》གྱི་གླེང་གཞིར་ཁོང་ལ་བསྟོད་བསྔགས་ཆེས་ཆེར་མཛད་འདུག་པ་དང་། མགོ་ལོག་དང་ཡུལ་ཤུལ། དཀར་མཛེས། རྔ་བ། ཆབ་མདོ། ནག་ཆུ་སོགས་ཀྱི་ས་ཁུལ་ནས་ཐོན་པའི་གྲྭ་པ་གཙོས་སེར་སྐྱ་འདྲེས་མའི་སློབ་གཉེར་བ་གང་མང་ཁོང་ཉིད་ཆེད་བཅར་གྱིས་སློབ་གཉེར་ལ་ཐོན་བྱུང་བར། གྲངས་འབོར་མང་དུས་སློབ་ཐུན་གཅིག་ལ་སྐྱ་སེར་སློབ་བུ་བརྒྱད་ཅུ་ལྷག་ཀྱང་བྱུང་ཞིང་། ཁམས་རྫ་ཆུ་ཁའི་འབུམ་གསར་དགོན་པ་ནས་ཀྱང་རིག་གཞུང་དཔེ་ཁྲིད་དུ་ཆེད་ཞུས་བྱས་པ་དང་། རང་ཡུལ་གྱི་ཁྲུས་ཀ་དགོན་པས་རིག་གནས་དགེ་རྒན་དུ་བཀུར་ཞིང་འདུག་སྟེ། ད་ལྟའང་བཞག་པ་རིན་པོ་ཆེའི་སྐུ་དྲིན་ལ་བརྟེན་ནས་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་དཔེ་བསྡུར་ཞུ་དག་གིས་པར་སྐྲུན་བྱ་འཆར་ཡོད་པ་ལ། ཁོང་ཉིད་དེའི་ཞུ་དག་པར་ཆེད་ཞུས་བྱས་ཡོད་ཅིང་། སློབ་ཆེན་དེ་གའི་ཟུར་ཁྲིད་དགེ་རྒན་དུའང་ཡང་ཡང་གདན་ཞུ་བྱེད་ཀྱིན་འདུག

     རེད་དེ། སྤྱོད་ཡོན་གཉིས་ལྡན་གྱི་སློབ་དཔོན་ཆེན་མོར་གྲུབ་ཀྱང་། སློབ་ཆེན་དང་གྲོང་ཁྱེར་ནས་སྡོད་པའི་སྐལ་བ་གང་འཚམ་དུ་ཡོད་ཀྱང་། རང་ཉིད་ཀྱི་ཁེ་གྲགས་དང་འདོད་ཡོན་སྤེལ་བའི་གོ་ཐོབ་གང་འཚམ་དུ་རེག་ནུས་ཀྱང་། དེ་དག་གང་ལའང་མ་ཆགས་པར་ཕྱིར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་བསྐྱོད་ནས་གཞན་དོན་ཁུར་འཁྱེར་གྱི་བསམ་འདུན་ལ་ལྷོད་པ་མེད་པར་མི་ཚེའི་རྫོགས་ལྡན་དུས་ཀྱི་ལོ་ངོ་སོ་གསུམ་ཧྲིལ་གྱིས་གཞི་རིམ་སློབ་གསོའི་ལས་དོན་དུ་ཕུལ་བ་དང་། རང་གི་འགན་བབས་ཀྱི་སློབ་གསོའི་ལས་དོན་ལེགས་སྒྲུབ་བྱས་པའི་རྨང་གཞིའི་སྟེང་། གླ་ཆ་སྐར་གང་ཡང་མ་བླངས་པར་ཉིན་གུང་དང་ཕྱི་དྲོ། དགོང་དྲོ་སོགས་ཀྱི་ཁོམ་སྐབས་གང་ཡོད་ལ་སྐལ་ལྡན་དོན་གཉེར་ཅན་རྣམས་ལ་འཆར་ཅན་རིམ་ཅན་དུ་རིག་པའི་ཉིང་བཅུད་ཅི་དགར་བསྩལ་ཡོད་པ་ནི་ཇི་འདྲར་རླབས་ཆེ་སྟེ། དེ་དག་རེ་རེ་ལ་བསམས་ནའང་ཇི་འདྲའི་བསམ་དུ་མེད་པའི་རྣམ་དག་གི་ལྷག་བསམ་ཤིག་དང་འགྱུར་མེད་ཀྱི་དཔའ་སྤོབས་ཤིག་གིས་བསྐུལ་བ་ཡིན་པ་དཔག་ཐབས་བྲལ་བས། དེང་དུས་ཀྱི་ང་ཚོ་གཞོན་སྐྱེས་རྣམས་ལ་མཚོན་ན་དེ་ནི་རང་སྐུལ་རང་བཤེར་གྱི་དཔེ་གཞི་རུ་ཅིས་མི་འགྱུར།
       དེ་ལྟར་བྱས་པས། གཟེངས་རྟགས་ལའང་སྔ་ཕྱིར་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་འཛིན་བདག སློབ་ཁྲིད་མཁས་ཅན། ཁྲིད་ཡིག་ཕུལ་བྱུང་འབྲི་མཁན། སྔོན་ཐོན་མི་སྒེར། ལས་རེས་བྱ་བའི་སྔོན་ཐོན་མི་སྒེར། སྔོན་ཐོན་ལས་སྒྲུབ་པ། ཕུལ་བྱུང་ལས་སྒྲུབ་པ་སོགས་སློབ་གྲྭ་རིམ་པ་དང་ཁུལ་རིམ་པ། ཞིང་ཆེན་རིམ་པའི་གཟེངས་རྟགས་འདྲ་མིན་སུམ་ཅུ་ལྷག་ཡོད་ཅིང་། གསུང་རྩོམ་ལའང་རང་ཉིད་ནས་བརྩམས་པའི《དགུ་རོང་ཨ་ལགས་འཕྲིན་ལས་ཚང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར》དང་། གཞན་དང་མཉམ་དུ་བྲིས་པ《གཅན་ཚའི་རིག་གནས》《སྒྲ་རིག་སྨྲ་བའི་རྒྱན》སོགས་དཔེ་དེབ་བརྒྱད་དང་།《རཱ་མ་ཎའི་གཏམ་རྒྱུད་ཀྱི་རྩོམ་སྟངས་ལ་དཔྱད་པ》སོགས་དཔྱད་རྩོམ་དང་ལྷུག་རྩོམ། སྙན་རྩོམ་ཁྱོན་བསྡོམས་བཅུ་ཕྲག་ལྷག་མཆིས་ཏེ།མདོར་ན་ཁོང་གིས་རང་གི་ཡོད་ཚད་འོད་དུ་བསྒྲོན་ནས་གྲགས་མེད་ཞུམ་མེད་ཀྱི་ཉམས་པ་མེད་པའི་མར་མེ་ཚེ་འབར་ཞིག་བྱས་འདུག་པས། ངས་སྤྱིར་གཞི་རིམ་གྱི་སློབ་གསོའི་ལས་སྟེགས་དང་པོ་ན་བཞུགས་པའི་དགེ་རྒན་རྣམ་པ་དང་། ནང་སྒོས་སུ་གཞི་རིམ་བཅའ་སྡོད་སློབ་གྲྭའི་དགེ་རྒན་རྣམ་པ། ཡང་སྒོས་རྒན་དམ་པ་ཁོང་ཉིད་དང་ཁོང་ཉིད་དང་མཚུངས་པའི་དགེ་རྒན་རྣམ་པར་གུས་འདུད་བླ་ལྷག་ཏུ་ཞུས་པ་ལགས་ལགས༎

No comments

Post a Comment