
དཔལ་མོ་མཚོ་བཟང་།
གཅིག དགེ་རྒན་གྱི་མཚན་ཉིད་བརྗོད་ནས་བྱང་ཚད་སྤྱིར་གླེང་བ།
དེ་ཡང་མདོ་སྡེ་རྒྱན་དུ་མཚན་ལྡན་སློབ་དཔོན་གྱི་མཚན་ཉིད་ལ། “བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན།”ཞེས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལྡན་ཞིང་། ཤེས་རབ་ལྡན་ལ་ཡོན་ཏན་གཞན་ལས་ཁྱད་དུ་འཕགས་པ། ལེ་ལོ་མེད་པར་ཐོས་པ་ཆེ་བ།ཟང་ཟིང་ལ་མི་ལྟ་ཞིང་ཆོས་སྟོན་པ་ལ་སྐྱོ་བ་མེད་པའི་ཆོས་བཅུ་ལྡན་དགོས་པར་གསུངས་ཤིང་། 《ས་པཎ་མཁས་འཇུག》ནང“གཙང་མཁས་གཞན་ལ་ཕན་པར་འདོད”ཅེས་གསུངས་ཏེ་ལུས་ངག་ཡིད་གསུམ་གང་གི་ཐད་ནས་ཀྱང་སྤྱིར་བཏང་གི་སོ་སྐྱེ་ཕལ་བ་དང་མི་འདྲ་བར་ཀུན་སྤྱོད་གཙང་ཞིང་ལུས་ཁམས་དྭངས་ལ་ཐོས་པ་མང་ཞིང་རང་གི་ཆེད་ལས་ལ་ཐོགས་པ་མེད་པར་བརྡར་ཤ་གཅོད་ནུས་པ། རང་གི་སློབ་མར་གྱུར་པ་ཡོད་དོ་ཅོག་ལ་ཉེ་རིང་གི་ཕྱོགས་ཞེན་མེད་པར་ཀུན་སྤྱོད་དང་ཤེས་རིག གཟུགས་པོ་གང་ཅིའི་ཐད་ནས་ཚད་ལྡན་དུ་གསོ་སྐྱོང་བྱ་རྒྱུ་ནི་བཤོལ་དུ་མི་རུང་བའི་འགན་ཁྲིར་བརྩི་བ། གྲགས་པ་སྐམ་པོར་མི་སྲེད་པར་གཞན་ཕན་གྱི་ལྷག་བསམ་དཀར་པོས་སློབ་གསོ་སློབ་ཁྲིད་ཀྱི་ལག་ལེན་དངོས་སུ་འཇུག་ཐུབ་པ་ཞིག་དགོས་པར་བཤད།
དེ་བཞིན་ཐང་རྒྱལ་རབས་ཀྱི་སློབ་གསོ་མཁས་ཅན་ཧན་ཡུས་ཞེས་པས“དགེ་རྒན་ནི་གནས་ལུགས་སྤེལ་ཞིང་བྱེད་སྟངས་སློབ་པ། དོགས་གནད་སེལ་མཁན་ཞིག་ཡིན་དགོས”ཞེས་དགེ་རྒན་གྱི་ལས་དོན་ལ་སྤྱི་ཡོངས་ནས་སྡོམ་ཚིག་བཞག་ཏེ་མི་དམངས་ཀྱི་དགེ་རྒན་ཞིག་ཡིན་ཚེ་སློབ་མར་འཇིག་རྟེན་གྱི་བླང་དོར་གནས་ལུགས་ཐམས་ཅད་དང་དགོས་ངེས་ཀྱི་ཤེས་བྱའི་གནས་ལུགས་བསྟན་དགོས་ཚུལ་གསུངས་ཡོད། དེར་བརྟེན་དགེ་རྒན་གྱིས་རང་ཉིད་ཀྱི་ཕྱོགས་ཐམས་ཅད་ཀྱི་བྱང་ཚད་ལ་ཤུགས་བསྣན་ཏེ་མཚན་ཉིད་དེ་དག་གི་རེ་བ་དང་ཐག་ཇེ་ཉེར་གཏོང་གང་ཐུབ་བྱ་དགོས།
གཉིས་པ། དགེ་རྒན་གྱི་བསམ་བློའི་བྱང་ཚད་གལ་ཆེ་ཚུལ་གླེང་བ།
《སློབ་གསོ་ཐབས་ལམ་རྣམ་བཤད》ནང“མི་སུ་ཞིག་ཡིན་ཡང་མི་གཤིས་དང་ཀུན་སྤྱོད་ཀྱི་བླ་སྲོག་དང་བྲལ་ཚེ་དེ་ནི་འཛམ་གླིང་མཁས་པའི་རྒྱལ་པོ་ཡིན་ཡང་ཟོག་གསོབ་ཙམ་ལས་མ་འདས”ཞེས་གསུངས་པ་ལྟར་དགེ་རྒན་ལ་ཕུལ་དུ་བྱུང་བའི་བསམ་བློའི་བྱང་ཚད་ལྡན་ན་ད་གཟོད་དེས་སློབ་མ་ཡང་ཀུན་སྤྱོད་ལྡན་པ་ཞིག་ཏུ་གསོ་སྐྱོང་ཐུབ་པའི་ངེས་པ་ལྡན། རང་ཅག་གི་སྔོན་བྱོན་མེས་པོ་རྣམས་ཀྱིས“བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་ཟེར་བའི་མཚན་ཡང་མེད། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། བླ་མ་དག་ལ་བརྟེན་ནས་བྱུང་།”ཞེས་གསུངས་ལ།ཀུན་གྱིས་དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་སྐྲུན་མཁན་གྱི་བཟོ་སྐྲུན་པ་དང་བླང་དོར་གནས་ལུགས་ཀྱི་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་ཡིན་པར་བསྔགས་པ་ནི་ཕྱོགས་གཅིག་ནས་དགེ་རྒན་གྱི་ལས་གནས་ལ་ཚད་མཐོའི་གདེང་འཇོག་གནང་བ་ཞིག་རེད་ལ།ཕྱོགས་གཞན་ནས་དགེ་རྒན་གྱི་བྱང་ཚད་ལ་རེ་བ་མཐོན་པོ་བཏོན་པ་ཡིན་སྟབས། མི་དམངས་ཀྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་ལ་ཤུགས་བསྣན་ཏེ། ལྷག་བསམ་ཟོལ་མེད་ཀྱིས་སློབ་གསོ་སྤེལ་བ་དང་བརྩོན་སེམས་ཆེར་བསྐྱེད་ཀྱིས་ཐོས་པ་བསགས་ནས་བསམ་བློའི་བྱང་ཚད་མཐོར་འདེགས་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས།མི་དམངས་ཀྱི་དགེ་རྒན་ཞིག་ཡིན་ཚེ་ངེས་པར་རང་ཉིད་ཀྱི་འགན་འཁྲི་གསལ་རྟོགས་བྱས་ཏེ་བསམ་བློའི་བྱང་ཚད་གོང་མཐོར་གཏོང་རྒྱུར་ཤུགས་བསྣན་ཚེ་གཞི་ནས་སློབ་མའི་སློབ་གསོའི་ལས་དོན་ལེགས་ཙམ་སྤེལ་ཐུབ། དགེ་རྒན་གྱི་བྱ་བྱེད་རེ་རེས་སློབ་ཕྲུག་གི་སེམས་སུ་བག་ཆགས་ངེས་ཅན་བཞག་སྟེ་མདུན་ལམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས་རང་གི་ཆབ་སྲིད་བསམ་བློ་དང་། ལས་རིགས་ཀུན་སྤྱོད། སློབ་སྦྱོང་དང་སློབ་སྲོལ་སོགས་ཕྱོགས་ཡོངས་ཀྱི་མངོན་ཚུལ་ཕུལ་བྱུང་ཅན་དུ་བསྒྱུར་ཏེ་རང་རྟོགས་སྒོས་སྣེ་ཁྲིད་ཀྱི་ནུས་པ་སྟོན་ཐུབ་ལ་སློབ་མ་ཀུན་གྱིས་དད་ཞེན་དང་གུས་བཀུར་ཞུ་བའི་དགེ་རྒན་གྱི་སྣང་བརྙན་བཟང་པོ་ཞིག་བསྐྲུན་དགོས།
དགེ་རྒན་ལ་རྣམ་པར་དག་པའི་ཀུན་སྤྱོད་དམ་ཕུལ་དུ་བྱུང་བའི་བསམ་བློའི་བྱང་ཚད་ལྡན་དགོས་པ་ནི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བའི་རྨང་གཞི་ཡིན་པས་སློབ་གསོའི་དཔུང་ཁག་གི་གསོན་ཤུགས་ཆེར་རྒྱས་དགོས་ན་ཐོག་མར་དགེ་རྒན་གྱི་བསམ་བློའི་བྱང་ཚད་འཛུགས་སྐྱོང་ནས་མགོ་བརྩམ་དགོས། དེར་བརྟེན། མི་དམངས་ཀྱི་དགེ་རྒན་ལ་བསམ་དཀར་རྣམ་དཀར་དང་རང་དོར་གཞན་གཅེས། ཚུལ་མཐུན་དྲང་གཞག་གི་བསམ་སྤྱོད་དགོས་ལ། ཡང་དག་པའི་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ། རིན་ཐང་ལྟ་བ་བཅས་ལྡན་དགོས་ཤིང་ཕུལ་བྱུང་གི་ལས་རིགས་ཀུན་སྤྱོད་ལྡན་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད།
གསུམ། དགེ་རྒན་གྱི་ཤེས་རིག་བྱང་ཚད་ནི་སློབ་གསོའི་ལས་དོན་སྤེལ་བའི་རྨང་གཞི་ཡིན་ཚུལ་གླེང་བ།
སློབ་གསོའི་ལས་དོན་ནི་མ་འོངས་པའི་ཤེས་ལྡན་མི་གསར་གསོ་སྐྱོང་བྱེད་པའི་རླབས་ཆེན་ལས་གྲྭ་ཞིག་ཡིན་པས། དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་དཔེ་བཞིན། སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་རིག་གནས་སློབ་གསོ་གཉིས་ཀར་མཐོང་ཆེན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་ལས་སློབ་མར་ཕྱོགས་དེ་གཉིས་ཀྱི་སློབ་གསོ་སྤེལ་བར་དགེ་རྒན་ལ་སློབ་མ་ལས་མཐོ་བའི་ཆུ་ཚད་དགོས་པ་ནི་སྨོས་མེད་རེད། དེར་བརྟེན་དགེ་རྒན་གྱི་ཤེས་རིག་བྱང་ཚད་ནི་དགེ་རྒན་དེས་སློབ་གསོ་སྤེལ་བའི་ཆ་རྐྱེན་ཡིན།བཤད་རྒྱུན་དུ“སློབ་མར་ཆུ་ཕོར་གང་སྦྱིན་དགོས་ན་དགེ་རྒན་ལ་ཆུ་ཟོམ་གང་དགོས”ཞེས་པ་བཞིན་རིག་གནས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དགེ་རྒན་རང་ཉིད་ལ་ཚད་མཐོ་བའི་ཤེས་རིག་བྱང་ཚད་དང་བྱང་ཆུབ་པའི་སློབ་ཁྲིད་ཐབས་བཟང་པོ་ཡོད་དགོས། དེང་རབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་ཤིན་ཏུ་མྱུར་བས་ཆེས་ཕུལ་བྱུང་གི་ལྟ་བ་གསར་བ་དང་། ཤེས་བྱ་གསར་བ། གཞུང་ལུགས་གསར་བ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཐོན་དང་ཐོན་མུས་ལགས་ན་སྔར་ཡོད་ཀྱི་ཤེས་བྱ་རྙིང་བའམ་འཇིག་རྟེན་ལྟ་ཚུལ་གྱིས་དུས་རབས་ཀྱི་དགོས་མཁོ་བསྐང་མི་ཐུབ་ལ། དེང་རབས་ཀྱི་བྱང་ཚད་སློབ་གསོའི་རེ་འདུན་བཞིན་སློབ་ཁྲིད་སྤུས་དག་པ་ཞིག་བྱེད་དཀའ་བས་དུས་དང་རྣམ་པ་ཀུན་ཏུ་འབད་པ་ཆེར་བསྐྱེད་ཀྱིས་རིག་གནས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རང་གི་ཤེས་རིག་གི་བྱང་ཚད་གོང་མཐོར་གཏོང་དགོས།
བཞི། དེང་རབས་སློབ་གསོའི་ཆ་འཕྲིན་ལག་རྩལ་གྱི་ཆུ་ཚད་ངེས་ཅན་ལྡན་དགོས་ཚུལ་གླེང་བ།
ངག་རྒྱུན་དུ“དུས་ནི་མི་འགྱུར་མི་རྣམས་འགྱུར”ཞེས་བརྗོད་པ་ཡིན་ཡང་དུས་ཀྱི་གོམ་འགྲོས་དང་བསྟུན་ནས་མི་རྣམས་ཀྱི་བསམ་བློའི་ལྟ་བ་དང་ལས་དོན་སྤེལ་ཕྱོགས་ལ་འཕོ་འགྱུར་འབྱུང་བཞིན་ཡོད་ལ། མི་རྣམས་ཀྱི་བྱ་འགུལ་སྣ་ཚོགས་པས་དུས་རབས་ལ་ཁ་ལོ་སྒྱུར་བཞིན་ཡོད། དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་དང་སྤྱི་ཚོགས་ཁོར་ཡུག་ཆ་འཕྲིན་ཅན་གྱི་དུས་འདི་ནི“མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད”ཀྱི་དུས་རབས་ཤིག་ཡིན། དུས་རབས་འདིར་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་ཆ་འཕྲིན་ལག་རྩལ་བེད་སྤྱོད་གཏོང་བའི་ཁྱབ་རྒྱ་དེ་བས་ཇེ་ཆེར་སོང་སྟེ་རང་ཅག་གི་སློབ་གསོའི་ལས་དོན་གྱི་རྣམ་པ་དང་ནང་དོན། ཐབས་ཤེས་སོགས་ཐམས་ཅད་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད། དེ་བས་དེང་རབས་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཁྲོད་སློབ་གསོའི་སྤུས་ཚད་དེ་བས་ལེགས་པ་དང་སློབ་མ་རྣམས་དུས་དང་མཐུན་པ་ཞིག་ཏུ་གསོ་སྐྱོང་བྱ་ཆེད་སྔར་གྱི་སློབ་གསོ་སྤེལ་ཐབས་སྟེང་ང་ཚོས་རྒྱང་འཕྲིན་སློབ་གསོའི་སྤེལ་ཐབས་གསར་དུ་བསྣན་ཏེ་དྲ་རྒྱའི་སྟེང་ཆ་འཕྲིན་སྤེལ་བ་དང་སློབ་ཁྲིད་བྱ་དགོས་སྟབས་དགེ་རྒན་ལ་དེའི་ཐད་ཀྱི་ཆུ་ཚད་ཀྱང་མི་དམན་པ་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། དེར་བརྟེན། དེང་རབས་ཆ་འཕྲིན་ལག་རྩལ་གྱི་རྩ་བའི་ཤེས་བྱར་སློབ་སྦྱོང་བྱས་ཏེ་དྲ་ཐོག་ནས་སློབ་ཁྲིད་ཆ་འཕྲིན་སྤེལ་བ་དང་འཚོལ་བ། བཀོལ་སྤྱོད་བཅས་བྱས་ནས་དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་པའི་ཚད་ལྡན་དགེ་རྒན་ཞིག་བྱེད་པར་འབད་འབུངས་བྱ་དགོས། །ལྔ། སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དང་ཐབས་ལམ་ཡོད་དགོས་ཚུལ་གླེང་བ།
མི་དམངས་དགེ་རྒན་ཞིག་ལ་སློབ་གསོའི་འདུ་ཤེས་གང་འདྲ་ཞིག་ཡོད་ན་དགེ་རྒན་དེའི་སློབ་གསོའི་བྱ་སྤྱོད་དང་ལག་ལེན་གྱི་བརྒྱུད་རིམ་ཅི་འདྲ་ཡིན་པ་ཐག་གཅོད་བྱེད་ཐུབ། ང་ཚོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་ཕུལ་དུ་བྱུང་བའི་སློབ་ཁྲིད་འདུ་ཤེས་དང་སློབ་ཁྲིད་ཐབས་ལམ་ཡོད་དགོས། དེའི་ཕྱིར། སློབ་གསོར་འཛིན་པའི་འདུ་ཤེས་གསར་བསྒྱུར་དང་སློབ་ཁྲིད་བྱ་ཐབས་སྔོན་ཐོན་ཅན་བསྙེག་རྒྱུར་ཤུགས་བསྣན་ཏེ་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ“སློབ་ཁང་ལྟེ་བ་དང་། སློབ་དེབ་ལྟེ་བ། དགེ་རྒན་ལྟེ་བར་འཛིན་པའི་སྲོལ་རྒྱུན་གྱི་འདུ་ཤེས་ནས་རིམ་བཞིན་བྱེད་སྒོ་ལྟེ་བ་དང་། སློབ་མའི་དགའ་མོས་ལྟེ་བ། སློབ་མ་ལྟེ་བ”བཅས་ཀྱི་ལྟེ་བ་གསུམ་ལ་ཁ་ཕྱོགས་ཏེ། “མགོ་ལ་དཔག་པའི་ཞྭ་མོ”དང“ཆུ་མོའི་འགྲོས་དང་བསྟུན་ནས། ཀོ་བའི་རྒྱག་ལུགས་བྱ་དགོས”པའི་དཔེ་བཞིན་འདུ་ཤེས་གསར་བསྒྱུར་དང་ཁྲིད་ཐབས་ལེགས་བཅོས་ཀྱིས་རང་གིས་རང་ལ་རེ་བ་ནན་མོ་བཅངས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་དགོས། །རྩོམ་པ་པོ་ནི་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་སློབ་འབྲིང་གི་དགེ་རྒན་ཡིན།
མཚོ་སྔོན་བོད་ཡིག་གསར་འགྱུར།2014·10·24།པར་ངོས16པ།
No comments
Post a Comment