
ཕྲན་གྱིས་དཔྱད་པ་ལྟར་ན་དོན་ཚན་རྣམ་པ་དྲུག་གི་སྒང་ནས་བརྩམས་ཆོས་འདི་ལ་དཔྱད་ཞིབ་དང་རོོ་མྱོང་བྱ་དགོས་སྙམ། ང་ཚོས་ཐོག་མར་བརྩམས་ཆོས་གང་འདྲ་ཞིག་ལ་ལྟ་ཀློག་དང་དཔྱད་ཞིབ་བྱས་ཚེ་དེར་དུམ་ཚན་བགོས་ཏེ་ཞིབ་འཇུག་གནང་ན་གོ་བ་ལེན་བདེ་བོ་དང་བརྩམས་ཆོས་དེའི་རྒྱབ་ལྗོངས་དང་སྙིང་དོན་བློ་ངོར་འཇུག་སླ་བའི་དགེ་མཚན་ལྡན་པ་ཞིག་ཏུ་མཐོང་།
བརྩམས་ཆོས་འདི་ལྟ་བུ་ནི་མི་སྣ་གཅིག་གི་མི་ཚེའི་བརྒྱུད་རིམ་གཙོར་བཟུང་གིས་སྐབས་དེའི་གནས་ཚུལ་དངོས་བྱུང་དག་ཚིག་སྦྱོར་བདེ་ཞིང་ཕུན་སུམ་ཚོགས་པའི་ཐ་སྙད་ཀྱི་ལམ་ནས་རྩོམ་འབྲི་བྱས་པའི་ལོ་རྒྱུས་ཤིག དེ་ཡང་དོན་ཚན་དེ་དག་གི་སྙིང་བསྡུས་ཙམ་འདིར་ཞུས་ན།
དང་པོ། སྐབས་དེའི་བོད་མིའི་བསམ་བློའི་རེ་སྙེག
སྐབས་ཐོག་དེའི་བོད་མི་རྣམས་ལས་ལ་བརྩོན་ཞིང་དཔའ་སེམས་ཀྱིས་ཁེངས་ཡོད་མཁན་ཤ་སྟག་རེད་འདུག་སྙམ། སློབ་གསོའི་ཁ་ཕྱོགས་ནི་བུ་དཔའ་བོ་དང་རྔོན་ཇག་བྱེད་ཐུབ་པ་སོགས་དགོས་ཞེས་བྱིས་པ་ཚོར་སྙིང་སྟོབས་ཀྱི་གོ་ཆ་བསྐོན། མདོར་ན་སྤྱི་ཚོགས་དེའི་རྒན་དར་གཞོན་གསུམ་མང་ཆེ་བའི་བསམ་པའི་དགའ་ཕྱོགས་ཡང་མེ་མདའ་བཟང་པོ་དང་རྟ་འགྲོས་མ་བཅས་ལ་ཧ་ཅང་གི་རིན་ཐང་ཆེན་པོ་དང་ཕན་ཚུན་གྱི་གཟི་བརྗིད་ངོམ་ས་ཞིག་ལ་ངོ་འཛིན་བྱེད། རྔོན་ཇག་དང་དགྲ་བོར་དམར་འཛིངས་བྱེད་ཐུབ་མཁན་ནི་དུས་སྐབས་དེའི་ཆེས་ཕུལ་དུ་བྱུང་བའི་དཔའ་བོ་ཞིག་ལ་ངོས་འཛིན་བྱེད་པ་མ་ཟད་ཀུན་གྱིས་ཡིད་སྨོན་བྱེད་ས་ཞིག་ཀྱང་ཆགས་ཡོད། དུས་སྐབས་དེའི་སྤྱི་ཚོགས་ཀྱི་བསམ་པའི་ཁྱེར་སོ་དང་དེང་གི་སྤྱི་ཚོགས་ཀྱི་བསམ་བློ་གཉིས་ལ་རྦད་དེ་བར་ཁྱད་ཆེན་པོ་ཕྱིན་འདུག ད་ལྟའི་མི་རབས་ཚོའི་བསམ་པའི་འཁོར་ཕྱོགས་ནི་ཤེས་ཡོན་འཚོ་སྙེག་བྱེད་མཁན་དང་དཔལ་འབྱོར་མཁོ་སྒྲུབ་ལ་འབད་བརྩོན་གནང་མཁན་འདི་གཉིས་ལས་མ་འདས་པས་ཤེས་ཡོན་འཚོ་སྙེག་མཁན་ཚོས་ཤེས་ཡོན་ཟེར་བ་ནི་རིན་ཐང་ཅན་ཞིག་ཡིན་པ་ངོས་ཟིན་པའི་ཐོག་ནམ་ཀུན་ནས་དེ་ལ་བརྩོན་བཞིན་ཡོད། འོན་ཀྱང་དེ་འདྲའི་རིགས་ཀྱི་གྲངས་འབོར་ཉུང་ཤས་ཤིག་ལས་མེད་སྟབས་ད་དུང་མ་ཉུང་ན་མ་མང་བའི་གནས་སྟངས་ཤིག་ཏུ་གྱུར། དཔལ་འབྱོར་འཚོལ་སྒྲུབ་མཁན་ཚོ་ཉིན་མཚན་དབྱེ་བ་མེད་པར་དངུལ་ལོའི་བྲན་གཡོག་ཏུ་གྱུར་ཏེ་མ་ཁོམ་པ་དང་མ་སྐྱིད་པའི་བྱ་བ་སྣ་ཚོགས་པ་ཞིག་ལ་ལུས་དང་གྲིབ་མ་འགྲོགས་པ་ལྟར་དུ་གནས་ཡོད། ད་ལྟའི་སྤྱི་ཚོགས་ནི་དེ་ལྟ་བུའི་རྙོག་འཛིངས་ཧ་ཅང་ཆེ་ལ་མི་ཚོར་འདོད་པ་མ་ཁེངས་བ་དང་མ་ཁོམ་པའི་དཀའ་ངལ་གྱི་གནས་སུ་གྱར་འདུགགཉིས་པ། བོད་མིའི་ཐུན་མོང་གི་འཚོ་ཐབས་དང་ཆས་གོས།
སྐབས་དེའི་བོད་མི་ཐམས་ཅད་ཀྱི་གནའ་དུས་ནས་བརྒྱུད་ཡོང་བའི་འཚོ་བའི་ཐོན་ཁུངས་འབྲོག་ལས་ལ་བརྟེན་ཏེ་རང་ཁ་རང་གསོ་བྱས་ནས་ཡོད། རང་རང་གི་འཚོ་ཐབས་འདི་ལ་རྒྱུན་མཐུད་ངང་འབད་བརྩོན་བྱས་ཚེ་གཞན་ལ་རོགས་སྐྱོར་གྱི་ཞུ་འབོད་སོགས་དུས་ནམ་ཡང་བྱ་མི་དགོས་ལ་འཚོ་ཐབས་རང་སྐྱོང་གི་ངོ་བོར་གནས་ཡོད། འབྲོག་ལས་ཀྱིས་རང་ཉིད་ཀྱི་འཚོ་བ་ཐག་གཅོད་བྱས་པས་མ་ཚད་དཔལ་འབྱོར་གྱི་མ་རྩའི་ཡོངས་འབབ་ཡང་ཕོན་ཆེན་ལེན་ཐུབ། དེ་མིན་འཚོ་ཐབས་ཀྱི་རྣམ་པ་འདི་རང་རང་གི་རྣམ་དཔྱོད་ལས་བྱུང་བའི་ཐབས་རྩལ་དང་ལྡན་པ། ཁ་ཟས་ཤ་མར་རྩམ་གསུམ་སོགས་འཚོ་བཅུད་ཀྱི་ནུས་སྟོབས་ལྡན་ཞིང་གཟུགས་པོའི་སྐྱེ་འཕེལ་དང་སྟོབས་ཤུགས་རྒྱས་པ། བཅོས་མའི་རྫས་སྦྱོར་སོགས་ཀྱིས་མ་སྦགས་པ། རང་བྱུང་གི་སྔོ་རིགས་དང་ཞོ་འོ་མ་ལ་སོགས་པའི་དཀར་སྐྱོང་གི་ཟས་རིགས་སྣ་ཁ་ཤིན་ཏུ་མང་པོ་མཆིས། གྱོན་གོས་ཀྱི་རིགས་ཀྱང་ཕྱུགས་ཟོག་གི་ཁུལ་རྩིད་ལས་གྲུབ་པ་དང་སེམས་ཅན་གྱི་ལྤགས་རིགས་ལས་བཟོས་བའི་རྣམ་གྲངས་དུ་མ་ཡོད།གསུམ་པ། སྐབས་དེའི་མིའི་སེམས་ཀྱི་དད་མོས།
དུས་ཚོད་དེའི་ཁྲོད་ཀྱི་མི་རྣམས་ཆེས་སྡུག་ལས་ལ་དགའ་མཁན་ཞིག་ཡིན་མོད་ཆོས་ཀྱི་བྱ་བར་ཞུགས་ཚེ་གང་ཐུབ་ཅི་ཐུབ་ཀྱིས་སྡུག་སྤོང་དགེ་སྒྲུབ་ལ་འབད་པ་བྱེད་ཀྱི་ཡོད། དབུས་འགྱུར་ལྷ་ལྡན་ཞེས་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་ཞིང་ལག་གཉིས་དཔྲལ་བར་གཏུགས་རྒྱུ་ནི་སྐབས་དེའི་བོད་མི་ཀུན་གྱི་ལྷན་སྐྱེས་སུ་གྲུབ་པ་ཞིག་རེད། སྐབས་དེར་འགྲིམས་འགྲུལ་སོགས་སྟབས་བདེའི་ལམ་ཁ་མེད་པར་མ་ཟད་ལམ་ཁར་དགྲ་ཇག་སོགས་ཉེན་ཁ་ཧ་ཅང་གི་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་ལོ་དང་ཟླ་བ་མང་པོར་སྣ་མར་ཁལ་བཀལ་ནས་སྟོད་ཉི་མ་ལྷ་སར་ཇོ་བོ་རིན་པོ་ཆེར་མཇལ་དུ་འགྲོ་སྲོལ་ཡོད། དུས་ཚོད་དེའི་མི་རྣམས་ཀྱི་སེམས་ནང་གི་དད་པ་དམ་ཚིག་ཟེར་བ་ནི་བརྟན་ཅིང་འགྱུར་བ་མེད་པར་སོ་སོའི་ཤ་གསེང་རུས་གསེང་དུ་ཐིམ་ཡོད་པ་ཞིག་རེད་ལ། ང་ཚོས་ཁོང་ཚོའི་བསམ་བློ་དེ་རྨོངས་དད་ཡིན་མིན་མི་རྩོད་པར་དེ་ལྟ་བུའི་བསམ་བློའི་ལྟ་གྲུབ་ཅིག་གིས་སྤྱི་ཚོགས་དེར་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཡོད་མེད་ལ་དཔྱོད་རྒྱུ་གལ་ཆེ་སྙམ། འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་ཡོད་པའི་རྒྱལ་ཁབ་ཀྱི་མི་སེར་ཞིག་ཡིན་ཚེ་རང་བཞིན་གྱི་ཁོ་རང་ལ་སྤྱོད་ལམ་ཞིག་དང་འཛེམས་དོགས་བྱ་དགོས་ས་ཞིག་ཡོད། མདོར་ན་ཆོས་ལུགས་གང་འདྲ་ཞིག་ཡིན་ཡང་དེས་མིའི་བསམ་བློ་ལ་འགྱུར་བ་གཞན་དང་མ་འདྲ་བ་ཞིག་བཏང་ཡོད་པ་སྨྲོས་མེད་རེད། ང་ཚོས་ཞིབ་མོར་བསམ་ན་ཆོས་ལུགས་གང་འདྲ་ཞིག་ཡིན་ཡང་སྤྱི་ཚོགས་སྐྱོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་འདུགསྙམ། གང་ཡིན་ཟེར་ན་ཆོས་ལུགས་ཡོད་པའི་སྤྱི་ཚོགས་མང་ཆེ་བར་ལུས་ངག་གི་སྤྱོད་ལམ་སོགས་གང་ས་ཅི་ཐད་ལ་སྒྲིག་ལམ་ཡོད་པ་ཞིག་རེད། སྒྲིག་ལམ་ནི་ཕྱོགས་གཅིག་ནས་གུ་དོག་པའི་རྣམ་པ་ཅན་ཞིག་ཡིན་མོད་ཕྱོགས་གཞན་ཞིག་ནས་བལྟས་ན་དེ་ནི་སྤྱི་ཚོགས་ཤིག་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་མེད་དུ་མི་རུང་བ་ཞིག་ཆགས་ཡོད། དེར་བརྟེན་མིའི་སྤྱི་ཚོགས་སུ་བསྡད་པ་ནས་བཟུང་འཇིག་རྟེན་མི་ཆོས་དང་དམ་པ་ལྷ་ཆོས་གང་ཡིན་རུང་དེ་གཉིས་ཁྲོད་ནས་གཅིག་གི་ལྟ་བའམ་བསམ་བློ་རང་རྒྱུད་ལ་ངེས་པར་དུ་འབྱར་དགོས་ལ་རང་བཞིན་གྱིས་བསམ་བློ་དེ་མི་སེམས་ལ་བག་ཆགས་ཀྱི་རྣམ་པར་འཇགས་འགྲོ་བ་ཞིག་ཀྱང་རེད། དེ་ནི་མིའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་ངེས་པར་དུ་ཤེས་དགོས་སྙམ།བཞི་བ། རང་བྱུང་ཁོར་ཡུག་གི་རྣམ་པ།
སྤྱིར་བོད་ཀྱི་ས་ཆ་ནི་འཛམ་གླིང་གི་ཡང་ཐོག་སྟེ་ཕྱོགས་མཐའ་ཡོངས་རྫོགས་གངས་ཀྱི་ར་བས་བསྐོར་བ་དང་མཛེས་སྡུག་རྣམ་པར་བཀྲ་བའི་ས་ཆ་ཞིག་ཡིན་པར་མ་ཟད་ཀུན་གྱིས་ངོས་འཛིན་ཡང་དེ་ལྟར་ཞུ་བཞིན་ཡོད། དེ་ལས་ཀྱང་ཞིབ་པར་བརྗོད་ན་ལོ་རྒྱུས་ཡིག་ལམ་ཁག་ནས་ཐོན་པ་ལྟར་བོད་ནི་རི་མཐོ། ས་གཙང། གངས་རི་གཉན་གྱི་ཡུལ། བསིལ་ལ་མངའ་བ། ཞེས་གསུངས་པ་ལྟར་གངས་རི་དང་བྲག་རི། ནགས་རི། གཡའ་རི། སྤང་རི་སོགས་མཐོ་ཞིང་བརྗིད་པའི་རི་ཚོགས་དག་གྲོང་ངེར་འགྱིངས་ཡོད་ལ། དྭངས་གཙང་གི་ཆུ་བོ་དང་ཆུ་ཕྲན། རྫ་ཆུ། གངས་ཆུ། མཚོ་དང་མཚེའུ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་བགྲངས་ཀྱིས་མི་ལོངས་པ་དག་ལྡེམ་ལྡེམ་དུ་འཁྱིལ་ཅིང་བཞུར་བ་སོགས་མཛེས་སྡུག་གི་རྣམ་པ་གཞལ་བར་མ་ནུས། དུས་བཞིའི་དབྱེ་མཚམས་གསལ་ཞིང་དབྱར་དུས་མེ་ཏོག་དང་རྩི་ཤིང་སྣ་ཚོགས་ཀྱིས་ས་གཞི་ཆེན་པོར་ཡོངས་སུ་སྤྲས་པ། དེ་དག་གི་དྲི་བསུང་དང་དེ་དག་ལ་ལོངས་སུ་སྤྱོད་པའི་སེམས་ཅན་སྣ་མང་མཆིས་ཤིང་། མིའི་སེམས་ཁམས་ལ་ཡང་ལྷན་སྐྱེས་ཀྱི་མཛེས་སྡུག་དང་སྤྲོ་སྣང་དམིགས་བསལ་བ་ཞིག་སྟེར་ཐུབ། ད་ཆ་རྒྱ་ནག་དམར་པོའི་འདོད་རྔམ་དང་བཙན་དབང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་ཚབས་ཆེ་བའི་ལས་གཞི་གང་མང་སྤེལ་སྟབས། སྔོན་གྱི་གངས་རི་དང་ཆུ་བོ། མཚོ་མོ། སྤང་ལྗོངས་མང་པོ་ཞིག་མེད་པར་ཆགས་ཀྱི་ཡོད་པ་མ་ཟད་འཛམ་གླིང་གི་ཚན་རིག་པ་དག་གིས་སྔོན་དཔགས་བྱས་པ་ལྟར་ན་ཉིས་སྟོང་སུམ་ཅུ་ཞིག་ནས་བོད་ཀྱི་གངས་རི་ཡོད་ཚད་ཞི་ནས་མེད་པར་ཆགས་རྒྱུ་ཡིན་པར་བརྗོད་འདུགལྔ་བ། རྩ་ཆེའི་སྲོག་ཆགས།
ད་ལྟ་མིང་ཙམ་ལས་རྒྱུན་སྟོང་ལ་ཉེ་བ་དང་སྟོང་སོང་བའི་རྩ་ཆེའི་སྲོག་ཆགས་དེ་དག་ནི་བོད་ཀྱི་ངོ་བོ་དང་རྣམ་པ་མཚོན་ནུས་ཤིང་འཚེ་བ་མི་བྱེད་པའི་སེམས་ཅན་ཤ་སྟག་ཆགས་ཡོད། དཔེར་ན།འབྲོང་། གཙོད། རྣ་བ། རྒོ། གླ་བ། རྐྱང་། ཤྭ་བ་སོགས་བག་ཡངས་ངང་རྩྭ་ཟ་ཆུ་འཐུང་གི་འཚོ་བར་རོལ་ཏེ་མི་མེད་དབེན་པའི་ནགས་གསེབ་དང་རྫ་གསེབ། རི་ལུང་ཐང་གསུམ་སོགས་སུ་ཅི་དགར་འཚོ་བཞིན་ཡོད་ལ། དེ་དག་ནི་རང་བྱུང་ཁམས་ཆེན་པོ་དེའི་མཛེས་རྒྱན་ལྟ་བུར་གྱུར་བ་མ་ཟད་བོད་ཀྱི་ཐུན་མིན་གྱི་ཁྱད་ནོར་རྩ་ཆེན་ཞིག་ཀྱང་ཆགས་ཡོད། མིའི་རིགས་ཀྱི་སྒེར་སེམས་ཤུགས་ཆེ་རུ་ཕྱིན་པར་བརྟེན་དེ་དག་རིམ་པའི་རྩ་སྟོང་དུ་འགྲོ་བཞིན་ཡོད་ལ། ནགས་ཚང་ཞི་ལུའི་སྐྱིད་སྡུག་ནང་གསལ་བ་ལྟར་ན་སྐབས་དེའི་བོད་ཀྱི་རྩ་ཆེའི་རི་དྭགས་ཆེས་མང་བར་བཤད་པའི་ས་ཆ་དེ་དག་ད་ཆ་ཚང་མ་ས་སྟོང་དུ་གྱུར་ཏེ་རི་དྭགས་རྣམས་ཀྱི་ཤ་དང་ལྤགས་པ། རྭ་ཅོ་བཅས་ལ་རྔམ་པའི་རྔོན་པ་ཚོས་བསད་ནས་མེད་པར་གྱུར།དྲུག་པ། རྒྱ་དམག་གིས་བཙན་འཛུལ་བྱས་པའི་སྐོར།
བོད་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་དྲག་པོས་བཙན་འཛུལ་བྱས་པའི་སྐོར་ནི་མིའི་བློ་ཡུལ་དུ་འཁོར་དཀའ་བའི་གནད་དོན་ཞིག་ལོས་ཡིན། འཛམ་གླིང་འདིར་མིས་མི་ལ་དབང་བསྒྱུར་དང་བཀོལ་སྤྱོད་བྱས་པ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཞན་དབང་བསྒྱུར་དང་གཉན་གནོན་བྱས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་མང་པོའི་ཁྲོད་དུ་བོད་དེ་ཡང་དམར་པོའི་རང་ལུགས་གུང་ཁྲན་ཏང་གིས་དྲག་པོས་དབང་བསྒྱུར་དང་གཉའ་གནོན་ཚད་མེད་ཐེབས་པའི་མི་རིགས་ཤིག་ཆགས་ཡོད། ཕན་ཚུན་ལ་གུས་བརྩི་དང་རིན་ཐང་གི་རྣམ་པ་དོར་ཏེ་རྒྱ་ནག་དམར་པོས་འདོད་རྔམ་གྱི་ལག་པ་བོད་ས་སྟོད་སྨད་ཀུན་ཏུ་བརྐྱངས་ཏེ་རང་རང་གི་འཚོ་ཐབས་རང་བྱུང་ཁམས་ལ་བཅོལ་ཏེ་བག་ཡངས་སུ་ཡོད་པའི་བོད་མི་ཡོད་དོ་ཅོག་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དུས་འགྱུར་གྱི་ཀློང་དུ་བསྐྱལ། བླ་མ་དང་མི་དཔོན་མཐོ་རིམ་མི་སྣ་སོགས་ལ་འཐབ་རྩོད་བྱས་པར་མ་ཟད་མནར་གཅོད་དྲག་པོ་བཏང་སྟེ་མཐར་བཀྲོངས་པའམ་ཡང་ན་ཚེ་བཙོན་བྱས། དམའ་རིམ་མི་མང་ཁྲོད་དར་མ་ནས་བཟུང་ལས་ཀ་བྱེད་ཐུབ་མཁན་ཡོད་ཚད་མཉམ་ལས་སུ་ཞུགས་དགོས་པ་དང་། བྱིས་པ་དང་རྒན་རྒོན་ཡང་བཙོན་འཇུག་བྱས་པར་མ་ཟད་མནར་གཅོད་དང་རྡུང་འདེགས་ཚད་མེད་ཐེབས་ཡོད། སྐབས་དེར་དམར་པོའི་རང་ལུགས་ཀྱི་བཀའ་ལ་མི་བརྩི་མཁན་དང་གྱེན་ལོག་བྱེད་མཁན་མི་སྣ་མཐོ་དམན་སུ་འདྲ་ཞིག་ཡིན་ཡང་མི་མང་ཚོགས་དབུས་སུ་འཐབ་རྩོད་དྲག་པོ་བྱས་ཏེ་མི་མང་ལ་འཇིགས་སྣང་སླེབས་ཐབས་ཀྱི་སྤྱོད་ཚུལ་སྣ་མང་སྟོན་གྱི་ཡོད། འཁྱག་ལྟོག་བཀྲེས་གསུམ་ཚད་མེད་མྱང་སྟེ་མི་ཧ་ཅང་མང་པོ་ཞིག་ཤི་ཡོད་པ་དང་དེའི་ཁྲོད་མ་ཤི་ཡང་ཕན་ཐོགས་མེད་མཁན་ཚོ་དམར་གསོད་གཏོང་བ་དང་ཡང་ན་གསོན་པོར་ས་འོག་ཏུ་བཅུག་པ། བོད་སར་ཡོད་པའི་རྒྱུ་དངོས་རྩ་ཆེན་རིགས་ཡོད་ཚད་རྒྱ་ནང་དུ་ཁྱེར་བ་དང་བོད་ཀྱི་ནང་བསྟན་གྱི་འདུས་སྡེ་སོགས་ཀྱིས་མཚོན་པའི་རིག་གཞུང་གི་ལྟེ་གནས་མང་པོ་ཞིག་ལ་གཏོར་བཅོམ་ཚབས་ཆེན་བྱས་ཡོད་པ་སོགས་མདོར་ན་དུས་རབས་ ༢༠ དང་ལོ་རབས་ ༥༠ མཚམས་ཀྱི་ལོ་རྒྱུས་ཀྱི་སྐྱོ་གར་བརྗེད་དཀའ་བ་ཞིག་བོད་མི་རྒན་དར་གཞོན་གསུམ་གྱི་མིག་གི་མདུན་དང་སེམས་ཀྱི་དཀྱིལ་དུ་བསྟན་འདུག དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཚང་མ་དམངས་གཙོ་དང་གུ་ཡངས། མི་མང་ལ་ཁེ་དབང་ལྡན་པའི་ཕྱོགས་སུ་བསྐྱོད་ཀྱིན་པའི་དུས་ད་ལྟ་ཡང་རྒྱ་ནག་དམར་ཤོག་ཚོགས་པ་མཁྲེགས་འཛིན་གྱི་བསམ་བློ་བདག་བཟུང་བྱས་ཏེ། དམངས་སེམས་ལ་ཕོག་ཐུག་དང་མི་རིགས་ལ་གཉའ་གནོན། དམངས་གཙོ་དང་ཞི་བདེ་ལ་ཁྱད་གསོད་བྱས་ཏེ་རྒྱ་ནག་གི་འདས་པའི་ལོ་རྒྱུས་རྫུན་བཟོ་དང་མ་འོངས་པའི་རྒྱལ་ཁབ་ཉེན་ཁའི་གནས་སུ་སྐྱེལ་གྱིན་ཡོད།ང་བསམ་བློ་བས་ ༢༠༡༣ ཟླ་ ༨ ཚེས་ ༡༨ ཉིན།
No comments
Post a Comment