
དེ་རིང་འདིར་བདག་གིས་མི་རིགས་དང་རིག་གནས་ལ་ཞེན་པ་དཀར་བའི་རིགས་གཅིག་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཞུ་དོན་སྙིང་པོ་གང་དེ་མདོར་བསྒྲིལ་ནས་བཤད་ན། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་སོ་སོའི་ཡུལ་གྱི་གྲགས་ཅན་མི་སྣ་རེ་ལ་ལོ་རེའི་དགེ་རྒན་དུས་ཆེན་གྱི་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད།
དཔེ་མཚོན་གྱི་ཚུལ་དུ་གཅིག་ཞུས་ན། རང་རེའི་བོད་པ་བཙན་བྱོལ་བ་རྣམས་ཀྱི་གནས་ཡུལ་རྒྱ་གར་ལྟ་བུར་ཆ་མཚོན་པ་ཡིན་ན་ལོ་རེའི་ཕྱི་ཟླ་དགུ་བའི་ཚེས་ལྔ་ཉིན་གྱི་དགེ་རྒན་ཉིན་མོ་ནི་རྒྱ་གར་གྱི་ལྟ་གྲུབ་མཁས་པ་དང་། རླབས་ཆེན་གྱི་དགེ་རྒན་ཆེན་མོ། རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ ( Sir Sarvepalli Radhakrishnan ) མཆོག་གི་འཁྲུངས་ཚེས་ལ་གཏན་འཁེལ་བྱས་ཡོད་སྟབས། རྒྱ་གར་རྒྱལ་ཡོངས་སུ་ཉིན་འདིར་དགེ་རྒན་གྱི་ཉིན་མོ་ཞེས་པའི་དུས་ཆེན་དེ་སྲུང་བརྩི་ཞུ་བཞིན་པའི་གནས་སྟངས་ཤིག་ཆགས་འདུག དེ་བཞིན་དུ་རྒྱ་ནག་ལྟ་བུར་ཆ་མཚོན་ན་ཡང་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་སྟངས་ཀྱི་དུས་ཚིགས་ལ་འགྱུར་བ་འགའ་ཤས་ཕྱིན་མོད་ད་ཆ་རྒྱ་ནག་རྒྱལ་ཡོངས་སུ་ལོ་རེའི་ཟླ་དགུ་བའི་ཚེས་བཅུ་ཉིན་དགེ་རྒན་དུས་ཆེན་གྱི་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་ཡོད། དེ་མིན་གྱི་ཡུལ་གྲུ་མང་པོ་ཞིག་ལ་གོང་མཚུངས་ལྟར་དགེ་རྒན་དུས་ཆེན་གྱི་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་ཡོད་པའི་གནས་སྟངས་ཤིག་རེད། འོན་ཀྱང་ང་ཚོ་བོད་ལ་ཆ་མཚོན་ན་དེ་ལྟ་བུའི་འགྲོ་སྟངས་ཀྱི་གོམས་སྲོལ་ཞིག་མེད་པ་ནི་ཧ་ཅང་གི་བློ་ཕམ་དང་སྟོང་ཆ་ཞིག་ཏུ་མཐོང་། ལོ་ལྟར་བོད་ཕྱི་ནང་གཉིས་སུ་དགེ་རྒན་དུ་ཆེན་ནི་སོ་སོ་ལས་མི་རིགས་ཐ་དད་པ་ཞིག་དང་ཡུལ་ལུང་ཐ་དད་པའི་མི་སྣ་ཞིག་ལ་དགེ་རྒན་དུས་ཆེན་གྱི་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་ཡོད་པ་ནི་ཧ་ཅང་གི་བསམ་བློ་མ་བཏང་པ་དང་ཅོལ་ཆུང་གི་བྱ་བ་ཁོ་ནར་ཟད། རང་རེ་བོད་མི་རིགས་ནི་གནའ་སྔ་མོའི་དུས་ནས་ཤེས་རིག་དར་བར་མ་ཟད་མིའི་རིགས་ཀྱི་རྣམ་དཔྱོད་དང་ནུས་པ་ཁྱད་པར་དུ་འཕགས་ལ་དཔའ་ཞིང་མཛངས་པའི་རིགས་ཀྱི་རླབས་ཆེན་གྱི་སྐྱེས་བུ་ཤིན་ཏུ་མང་པོ་བྱོན་ཡོད་ལ། ཡུན་རིང་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་ཡིན་པའང་དེང་སྐབས་ལོ་རྒྱུས་དངོས་གཙོ་སྨྲ་བ་ཕལ་མོ་ཆེ་ནས་ཤེས་རྟོགས་བྱུང་ཡོད་པར་མ་ཟད་ངོས་འཛིན་ཀྱང་དེ་ལྟར་ཞུ་བཞིན་ཡོད། ང་ཚོ་བོད་ཀྱི་དགེ་རྒན་དུ་ཆེན་གྱི་ཉིན་མོ་དེ་གཞན་རྟེན་ཁོ་ནར་རྒྱབ་གཏད་ནས་སྡོད་དགོས་པ་ཞིག་ག་ལ་ཡིན། འདི་ནས་བརྩིས་པའི་ལོ་ངོ་ ༡༣༨༢ ཡས་མས་ཤིག་གི་གོང་ནས་སྐུ་བལྟམས་ཤིང་རླབས་ཆེན་གྱི་མཛད་པ་བདག་གིར་བསྐྱངས་གནང་བས་འཕྲུལ་བློན་མཛངས་མི་སློབ་དཔོན་ཐོན་མི་སམ་བྷོ་ཊ་ལ་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཞུས་ན་ཅིའི་ཕྱིར་མ་འགྲིག་པ་ཡོད། དེ་ཡང་སྐྱེས་མཆོག་ཁོང་ནི་རང་རེའི་གངས་ཅན་གྱི་ལྗོངས་འདིར་དབྱངས་གསལ་སོ་བཞིའི་སྡེབ་ལེགས་ཀྱི་སྲོལ་ཐོག་མར་འབྱེད་མཁན་དང་སློབ་དཔོན་ཞེས་པའི་མཚན་གྱི་སྙན་པ་ཡང་དུས་སྐབས་འདི་ནས་ཐོགས་ཡོད་ལ་ད་དུང་རིག་པའི་གནས་མང་པོ་ནང་འདྲེན་དང་བསྒྱུར་བ་ལ་སོགས་པའི་རིག་པའི་དཔལ་ཡོན་གྱི་ཆུ་གཏེར་འདྲེན་མཁན་ཞིག་ཆགས་ཡོད། མདོར་ན་གངས་ཅན་གྱི་ཞིང་འདིར་སྲིད་མཐའ་ལ་ཐུག་གི་བར་དུ་སུབ་ཐབས་བྲལ་བའི་བཀའ་དྲིན་བརྗོད་ཀྱིས་མི་ལོང་པ་བསྐྱངས་ཡོད། བོད་བཙན་པོའི་ཆབ་དཔལ་རིག་གསུམ་འཕེལ་རྒྱས་ཀྱི་གོམ་སྟབས་གསར་བ་ཞིག་ཏུ་བསྐྱོད་རྒྱུར་སྒོ་ཡངས་པོ་ཞིག་ཕྱེས་ཡོད་པར་མ་ཟད་དུས་ད་ལྟ་ལ་ཐུག་གི་བར་དུ་རང་རེ་རྣམས་ལ་སྤོབས་པ་དང་མགོ་འཕང་མཐོན་པོར་སྡོད་ཆོག་པའི་མི་རིགས་ཀྱི་ངོ་བོའམ་སྲོག་རྩ་ཉར་ཆེད་ཕུན་སུམ་ཚོགས་པའི་སྐད་ཡིག་གི་རྒྱུན་ཐག་སྲ་མོ་ཞིག་བཞག་ཡོད། གནས་ཚུལ་འདི་དག་ནི་ངས་འུད་བརྗོད་དང་ཞེན་ཁོག་ཙམ་མིན་པར་འདས་པའི་ལོ་རྒྱུས་ཡིག་ཚགས་དག་ལས་གསལ་བོར་ཤེས་ཐུབ། འོ་ན་དེ་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ལ་ཅིའི་ཕྱིར་ང་ཚོས་དགེ་རྒན་གྱི་དུས་ཆེན་སྲུང་བརྩི་མ་ཞུས་པར་ལྷག་པ་རེད། ཡང་ན་ང་ཚོས་ད་བར་དུ་དེའི་སྐོར་ཐུགས་སྣང་མ་བྱས་པ་དང་ཡང་ན་ཐུགས་ཞིབ་གནང་མཁན་རེ་འགའ་ཡོད་ཀྱང་ནུས་པས་མ་འདང་བ་སོགས་གང་ལྟར་རྒྱུ་རྐྱེན་སྣ་མང་ཞིག་གི་དབང་གིས་དེ་ལྟར་ལུས་ཡོད་པའི་གནས་སྟངས་འདི་འདྲ་ཞིག་ཆགས་ཡོད། འདིའི་རིགས་ནི་ཐ་སྙད་གཏན་འབེབས་དང་གཞུང་ལུགས་ཕྱོགས་སྒྲིག་ལྟ་བུ་ཞིག་མིན་པར་མཁས་པ་དང་ཤེས་ལྡན་པའི་ཚོགས་སུ་གྲོས་བསྡུར་དང་ཞིབ་འཇུག་བྱས་ཏེ་ཚར་འགྲོ་བ་ཞིག་དང་གཅིག་གྱུར་ཆགས་འགྲོ་བ་ཞིག་ཏུ་མ་མཐོང་ལ། དེ་ནི་མི་སྒེར་དང་ཚོགས་སྡེ་སོགས་བྱེ་བྲག་ཅིག་ནས་རང་རང་གི་འགན་འཁྲི་ཞིག་གི་འདུ་ཤེས་སྙིང་ལ་བཅངས་ནས་ལས་དོན་འདིར་འབད་ཚེ་ད་གཟོད་གྲུབ་འབྲས་ཤིག་སྨིན་རྒྱུ་ཡོད་པ་ཆོས་ཉིད་ཡིན། དཔེ་མཚོན་ཙམ་ཞུས་ན་དེང་གི་ལྷག་དཀར་ཞེས་ཚ་ཚ་འུར་འུར་ངང་གཞུང་སྒེར་ཚང་མས་སྲུང་བརྩི་ཞུ་བཞིན་པ་དེ་ཡང་དང་ཐོག་ཤེས་ལྡན་པ་དང་མཁས་པ་དག་འཛོམས་ནས་གཏན་འབེབས་བྱས་བཞག་པ་ཞིག་མིན་ལ། གཞིས་ལུས་མི་མང་གི་ཁྲོད་ནས་མ་སྐུལ་དང་བླངས་ངང་ཐོན་པའི་༸རྒྱལ་དབང་མཆོག་གི་སྐུའི་བླ་གཟའ་སྲུང་བརྩི་དང་འབྲེལ་བོད་ཀྱི་རིག་གནས་སྲུང་སྐྱོབས་བྱེད་ཐབས་ཀྱི་ལས་གཞི་ཞིག་ཆགས་ཡོད། དེས་ན་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་བྱེད་པའི་ལས་གཞི་འདི་ཡང་དེ་དང་འདྲ་བར་རྒྱ་ཁྱབ་རང་བཞིན་དང་དོ་སྣང་སླེབས་ཐབས་སུ་མི་སྒེར་སོ་སོའི་ངོས་ཐད་ནས་འགན་ཁུར་རེ་དང་དུ་བླང་ཚེ་ཕན་འབྲས་ངེས་ཅན་ཞིག་ཐོན་རྒྱུ་ཡིན་པ་སྨོས་མེད་རེད་སྙམ། དེར་བརྟེན་ལས་གཞི་འདི་ནི་ང་ཚོའི་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གང་ལ་ཡང་ཕན་པ་ལས་གནོད་པ་ཡོད་མི་སྲིད་ལ། མ་ཟད་མེས་པོ་སྙིང་སྟོབས་ཅན་ཚོའི་བཀའ་དྲིན་ལ་དྲན་གསོ་བྱེད་སྟངས་ཤིག་དང་ང་ཚོས་ཀྱང་རང་གི་རིགས་ལ་ཞེན་པ་དཀར་བའི་སྲི་ཞུ་ཅུང་ཙམ་ཆགས་ཡོད་སྙམ། དེ་ལྟར་བྱས་ཚེ་ད་གཟོད་དོན་ཆུང་ཞིག་གིས་དོན་ཆེན་བསྒྲུབ་ཅེས་པའི་དཔེ་ལྟར་ཐོག་མའི་གོམ་སྟབས་ཆུང་ངུ་ཞིག་ནས་རྒྱུན་མཐུད་དེ་འབད་བརྩོན་བྱས་ཚེ་བྱ་བཟང་དེ་ཉིད་ཀྱི་ནུས་པ་དང་ཤུགས་རྐྱེན་སྤྱི་ཚོགས་ཧྲིལ་བོར་ཁྱབ་ཐུབ་པའི་ཐབས་ལམ་ཉག་ཅིག་ཡིན་སྙམ།
རྩོམ་སྒྲིག་པས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༧ ཉིན།
No comments
Post a Comment