Aug 21, 2015

དགེ་རྒན་གྱི་འཚོ་བ།

དགེ་རྒན་ནི་རྒྱལ་ཁབ་དང་སྤྱི་ཚོགས། མི་རིགས་དང་རིག་གནས།   ཕྱོགས་ཡོངས་ཀྱི་མ་འོངས་པའི་མདུན་བསྐྱོད་ཀྱི་དོར་མེད་ཕྲག་ཏུ་བའི་འགན་ཁྲི་ལྗིད་ཏིག་གེ་... thumbnail 1 summary

དགེ་རྒན་ནི་རྒྱལ་ཁབ་དང་སྤྱི་ཚོགས། མི་རིགས་དང་རིག་གནས།   ཕྱོགས་ཡོངས་ཀྱི་མ་འོངས་པའི་མདུན་བསྐྱོད་ཀྱི་དོར་མེད་ཕྲག་ཏུ་བའི་འགན་ཁྲི་ལྗིད་ཏིག་གེ་བ་ཞིག་གི་འོག་ནས་འཚོ་བཞིན་ཡོད་པ་མ་ཟད།   འདྲ་མིན་བསམ་མེད་བྱིས་པ་མང་པོའི་བསམ་བློའི་སྣེ་ཁྲིད་མཁན་ཅིག་ཡིན་པས་སྤྱིར་གཏང་གི་ལས་རིགས་དང་གཏན་ནས་འདྲ་ཡི་མེད།

དཔེར་ན་ཁྱིམ་མི་མང་པོས་བྱིས་པ་གཅིག་གཉིས་ལ་ཁྱིམ་ཚང་སློབ་གསོ་སྤུས་གཙང་ཞིག་སྤྲད་ནས་སློབ་གྲྭའི་ནང་དུ་སྦྱང་འབྲས་ལེགས་པོ་ཡོང་བ་ཙམ་བྱེད་ཐུབ་ཀྱི་མེད་པས།  དགེ་རྒན་གཅིག་གིས་སློབ་མ་དྲུག་བཅུ་བདུན་བཅུ་གསོ་སྐྱོང་བྱེད་དུས་རྙོག་སྒྲ་ག་ཚོད་ཡོད་མེད་སུས་ཀྱང་ཤེས་ནུས་པ་རེད།  སློབ་གསོ་རྒྱག་ཟེར་བ་ནི་དབང་ཆེ་ཆུང་བྱེད་ནས་སློབ་ཕྲུག་རྣམས་ལ་གང་འདོད་བཤད་བཞག་རྒྱུ་མ་ཡིན་པར། སློབ་མ་རེ་རེའི་ཀུན་སྤྱོད་དང་ བསམ་བློ།  ཤེས་ཚད་སོགས་རྒྱུས་ལོན་བྱེད་ནས་དེ་དང་མཐུན་པའི་སློབ་གསོ་སྤྲད་རྒྱུ་ནི་སློབ་གསོའི་ནུས་པ་མགྱོགས་པོར་ཐོན་པ་དང་།   སློབ་ཕྲུག་ཚོའི་བསམ་བློའི་གོ་རྟོགས་སད་ཐུབ་པ་སོགས་ཀྱི་དགེ་མཚན་མང་པོ་ལྡན་ཡོད་པ་རེད།   གལ་སྲིད་སློབ་ཆེན་དང་སློབ་འབྲིང་སློབ་མ་ཡིན་ན་གང་མཚམས་སྒེར་ཚུགས་ཀྱི་བསམ་བློའི་ཐོག་ནས་རང་མོས་ཀྱི་སློབ་སྦྱོང་བྱེད་སྲིད་ཀྱང་།  སློབ་ཆུང་དམའ་རིམ་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་ནི་ ཟས་གཙང་མ་དང་གོས་གཙང་མ་ཙམ་ཡང་སྤྱོད་མི་ཤེས་པའི་བྱིས་པ་རང་རེད།  ཡང་སྒོས་ཞིང་འབྲོག་གི་སློབ་ཕྲུག་རྣམས་ལ་ཁྱིམ་ཚང་སློབ་གསོ་མེད་པ་མ་ཟད།  ཁྱིམ་ཚང་གི་སློབ་མའི་སྦྱང་འབྲས་ལ་འགན་ཁུར་གྱི་མེད་པས་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ།   སྤྱི་ཚོགས་སློབ་གསོ་དང་རྒྱལ་གཅེས་སློབ་གསོ་སོགས་སློབ་གསོའི་རིགས་མཐའ་དག་གི་འགན་དགེ་རྒན་ཁོ་ནས་ཁུར་བགོས་པས་མཐའ་ན་ཟས་དུས་གསུམ་ཟ་ཁོམ་ཡོད་ལ་མེད་ལ་རེད།  དཔེར་ན་ཉིན་གཅིག་ལ་མཚོན་ན་ན། ཞོགས་པ་སྔ་མོ་ལང་སྟེ་སློབ་གྲྭའི་ཉལ་ཁང་རེ་རེ་ནས་སློབ་མ་རེ་རེ་བཞིན་གཉིས་ལས་སློང་སྟེ།  ལུས་རྩལ་ཐང་ཆེན་ཏུ་ལུས་སྦྱོང་དང་བློ་འཛིན་བྱེད་དུ་བཅུག  ཞོགས་ཟས་རྗེས་རྒྱུན་ལྟར་སློབ་ཚན་འཚོགས།  ཉིན་གུང་སློབ་ཕྲུག་རྣམས་ལ་གུང་ཟས་སྤྲད་ཚར་རྗེས་དགུང་གཉིད་ཉལ་བཅུག  ཕྱེད་ཡོལ་ནས་ཡང་རྒྱུན་ལྟར་སློབ་ཚན་འཁྲིད།  ཕྱི་དྲོ་སློབ་གྲྭ་གྲོལ་རྗེས་དགོང་ཟས་སྤྲད།   དགོང་མོ་རང་སྦྱོང་དགོང་ཚོགས་{ཀྫིཙྼཁེཾ}འཚོགས།  དེ་རྗེས་སློབ་ཕྲུག་རྣམས་རེ་རེ་ནས་ཉལ་བཅུག   དུས་ཚོད་ཕྱེད་ཙམ་ནས་ཡང་ཡག་པོ་ཉལ་འདུག་མིན་བལྟ་གཤེར་བྱེད་སར་འགྲོ།  གལ་སྲིད་ཉལ་ཁེབ་{ཧྱཱཁྒ }ཞུས་པ་ཡོད་ན་ཡར་བཀོན། དེ་མིན་སློབ་ཕྲུག་རེ་རེའི་དཀའ་ངལ་རྣམས་སློབ་གྲྭའི་འཆར་གཞི་ཡོད་མེད་ལ་མ་ལྟོས་པར་སེལ་གང་ཐུབ་བྱེད་དགོས་པའི་དགེ་རྒན་ནི་ཕྲུ་གུ་བཞི་བཅུ་ལྔ་བཅུ་ཡོད་པའི་ཕ་མ་དང་ཀུན་ནས་འདྲ་བས།  འོག་གི་ཁྱིམ་པ་རྣམས་ཀྱིས་རང་ནུས་གང་ཡོད་ཀྱི་རམ་འདེག་བྱེད་རྒྱུ་ཁ་ཡོད་ལག་ཡོད་ཆགས་ཡོད་ལ།   གོང་གི་དབུ་ཁྲིད་རྣམས་པས་ཀྱང་རྒྱབ་སྐྱོར་དང་རོགས་རམ་བྱེད་ཡུལ་དུ་གྲུབ་ཡོད།  དེ་བཞིན་དགེ་རྒན་མང་ཆེ་བའི་ཁྱིམ་ནང་དུ་རྒན་གོག་དང་བྱིས་པ་བལྟ་སྐྱོང་བྱེད་རྒྱུ་ཡོད་པས་དགེ་རྒན་གྱི་ལས་ཀ་འདི་ངོ་མ་སྟབས་བདེ་ཞིག་གཏན་ནས་མ་རེད།   མི་སུ་ཡིན་རུང་རང་རང་གི་དཀའ་ངལ་མེད་པ་ཡོད་ག་ལ་སྲིད་ཏེ། དགེ་རྒན་གྱི་འཚོ་བའི་ཐབས་ལམ་འདི་ནི་བྱ་བ་མང་ལ་རྙོག་སྒྲ་ཆེ་ཤོས་ཀྱི་གྲལ་ཞིག་ཡིན་པ་དངོས་སུ་བྱས་ན་ཤེས་ཡོང་རྒྱུ་ཡོད་པ་རེད། མང་ཚོགས་ནས་མི་ཁ་ཤས་ཀྱིས་ཁོ་ཚོས་རྒྱལ་ཁབ་ཀྱི་གླ་ཕོགས་ལེན་གྱི་ཡོད་པའི་ལོས་བྱེད་དགོས་བསམ་ན། གལ་སྲིད་ངེད་ཚོའི་གླ་ཕོགས་རག་ཙམ་གྱི་ཉིན་མ་གང་འཁྱོལ་བྱས་ནས་འགན་མ་ཁུར་བསྡད་བཞག་ན། ཁྱེད་ཚོའི་ཕྲུ་གུ་གང་འདྲ་ཆགས་ཀྱི་རེད།  དེ་ང་ཚོ་སུའི་གྱོང་རྒུད་རེད།  ཆེ་ས་ནས་བཤད་ན་རྒྱལ་ཁབ་ཀྱི་གྱོང་རྒུད་རེད། ཆུང་ས་ནས་བལྟས་ན་སློབ་མ་རང་ཉིད་དང་སློམ་མའི་ཕ་མ་ཚོས་གྱོང་རྒུད་རེད། དགེ་རྒན་ལ་དེ་ཙམ་གྱི་གྱོང་ཡོད་མ་རེད། དེ་ཡིན་དུས་ང་ཚོ་ཚང་མས་སྒེར་དོན་དང་སྒེར་ཕན་གཙོ་བོ་མི་བྱེད་པར་སྤྱི་ཕན་དང་སྤྱི་དོན་གཙིགས་ཆེན་བྱེད་རྒྱུ་དུས་རབ་འདི་ཡི་མ་བཅོས་གཤིས་སུ་གྲུབ་པའི་ཆོས་ཉིད་རེད།  སློབ་ན་མི་ཤེས་པའི་དགེ་རྒན་མེད་ཀྱང་།  སློབ་མི་ཤེས་པའི་དགེ་རྒན་ཡོད་པ་ཡིན་པས་དགེ་རྒན་ཚོ་ལ་ཡང་བསྒྱུར་དགོས་ས་དང་བཅོས་དགོས་ས་དེ་འདྲ་ལོས་ཡོད།  ཁྱད་པར་དགེ་རྒན་ནི་མིའི་རིགས་ཀྱི་ཤེས་ནུས་འཕེལ་རྒྱས་ཀྱི་རྨངས་གཞི་ཡིན་པས་ངེས་པར་དུ་ཤེས་ཡོན་དང་སློབ་གསོ། བསམ་བློ་དང་ཀུན་སྤྱོད། ལྷག་བསམ་སོགས་གང་གི་ཐོག་ནས་ཉག་མི་ཕྲ་བ་དགོས་པ་ལས།  དགེ་རྒན་གྱི་མི་གཤིས་དང་སློབ་གསོ་སྤུས་གཙང་མེད་ན་སློབ་མ་རྣམས་ལ་རང་བཞིན་ཤན་ཤུགས་ཐེབས་ཀྱི་ཡོད་པས། སློབ་གྲྭའི་དགེ་རྒན་་གྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་གལ་ཆེན་ཡིན། སློབ་གསོ་ནི་ལམ་མི་འདྲ་བ་མང་པོ་བརྒྱུད་ནས་བརྒྱབས་ཆོག་པ་ཡིན་མོད།  དོན་དངོས་སློབ་གསོ་ནི་སློབ་སྦྱོང་གི་འབྲས་བུའི་ཐོག་ནས་ཐེབས་པ་དེ་ཡིན།  སྤྱིར་སྦྱང་འབྲས་ཟེར་བ་དེ་དངོས་པོའི་ཁེ་ཕན་ཁོ་ན་མ་ཡིན་པར། བསམ་བློའི་དཔལ་ཡོན་ཡིན་པ་ཡང་ཤེས་རྒྱུ་གལ་ཆེ།   སློབ་སྦྱོང་གི་རྭ་བ་ནི་སློབ་མ་བྲན་གཡོག་དང་དགེ་རྒན་དཔོན་པོ་བྱེད་ས་མ་ཡིན་པར།  དགེ་རྒན་དེའི་ཕྱི་ནང་གི་ཡོན་ཏན་ཡོད་ཚད་སློབ་མ་དེ་ལ་ཤེལ་ཕོར་ནང་ཆུ་བླུགས་པ་བཞིན་སློབ་རྒྱུ་གལ་ཆེན་རེད།   གལ་སྲིད་དགེན་སློབ་ཀྱི་བར་ཐག་ག་ཚོད་རིང་ན་སློབ་མའི་ཤེས་ཡོན་གྱི་སྤུས་ཚད་དེ་ཚད་ཞན། དགེ་རྒན་དང་སློབ་མའི་ཧེ་བག་ཆུང་དུ་གཏོང་ཐབས་བྱེད་རྒྱུ་དེ་བས་གལ་ཆེ། དེང་སང་སློབ་གྲྭ་མང་ཆེ་བས་དགེ་རྒན་གྱིས་གང་བཤད་བདེན་པར་འཛིན་པའི་འདུ་ཤེས་ངན་པ་གཅིག་ཡོད་པ་དེས་སློབ་མའི་རང་ནུས་ཀྱི་བསམ་བློ་འཕེལ་རྒྱས་ལ་བཀག་རྡོ་བྱས་ཡོད།  དགེ་རྒན་མི་ཡིན་ལ་མི་ལ་ནོར་བ་ཡོད་སྲིད། མ་ཟད་དགེ་རྒན་དང་སློབ་མའི་བསམ་བློ་ཡོད་ཚད་གཅིག་ཡིན་མི་སྲིད་པས།   སློབ་མ་རྣམས་ཀྱིས་དགེ་རྒན་ལ་མི་མཐུན་པའི་ཕྱོགས་ནས་བསམ་ཚུལ་འདོན་རྒྱུ་དང་། དགེ་རྒན་གྱིས་ཀྱང་གཙིགས་ཆེན་བྱེད་འོས། དངོས་སུ་སློབ་ཚན་འཚོགས་སྐབས་དགེ་རྒན་གྱིས་དུད་འགྲོས་རྩ་བཟས་པ་ལྟར་ཆད་མེད་སློབ་ཚན་འདོན་རྒྱུ་གཙོ་བོ་མ་ཡིན་པར། སློབ་མ་ཚོས་བསམ་བློ་སློབ་ཚན་གྱི་ཐོག་ཏུའཇོག་ཐབས་བྱེད་རྒྱུ་དེ་གཙོ་བོ་ཡིན།  སློབ་མ་ཚོར་དྲི་བ་འདོན་བཅུག་རྒྱུ་དང་བསམ་ཚུལ་བརྗོད་བཅུག་རྒྱུ་ནི་ཆེས་གལ་ཆེན་ཡིན།  མི་གཞི་ཀུན་སྤྱོད་དང་།  སྤྱི་ཚོགས་བདེ་འཇག  རྒྱལ་ཁབ་འཕེལ་རྒྱས་ཡོད་ཚད་མཐར་བཏུགས་ན་སློབ་གསོར་ཐུགས་ཡོད།  སློབ་གསོ་ནི་སློབ་གྲྭ་ནས་འགོ་འཛུགས་དགོས་དུས། སློབ་མ་དང་དགེ་རྒན་གྱི་སྤུས་ཚད་གོང་མཐོར་གཏོང་དགོས།  དཔེར་ན་དགེ་རྒན་ནི་གྲུ་པ་ལྟ་བུ་ཡིན་ལ། སློབ་མ་ནི་གྲུ་གང་གི་འགྲོན་པོ་ཡིན།  སློབ་མའི་ཕ་མ་ནི་རྒྱ་མཚོ་ཕ་རོལ་གྱི་མགྲོན་པོ་ཕེབས་བསུ་བྱེད་མཁན་གྱི་སྣེ་ལེན་པ་ཡིན།  ཤེས་ཡོན་ནི་རྒྱ་མཚོ་ནང་གི་ནུ་ཞོར་བུ་ཡིན། རེ་སྒུག་གི་གང་བའི་སྣེ་ལེན་པ་དེ་ཚོས་རེ་སྒུགས་བྱེད་རྒྱུ་ནི་གྲུ་གང་གི་མགྲོན་པོ་དེ་ཚོ་དང་དེ་ཚོས་བླང་བའི་ནོར་བུ་ཡིན། དགེ་རྒན་ནི་ནོར་བུ་གང་ཡོད་ཤེས་མཁན་གྱི་མཚོ་གང་གི་གྲུ་པ་ཡིན།  གྲུ་གང་གི་མགྲོན་པོ་དེ་ཚོས་ནོར་བུ་ལོན་ནས་བདེ་འཇག་རྒྱ་མཚོའི་ཕ་རོལ་ལ་སླེབས་མིན་ཚང་མ་གྲུ་པའི་ལག་ན་ཡོད། དེ་ལྟ་བུའི་གལ་ཆེའི་དགེ་རྒན་གྱི་ལས་རིགས་འདི་ངོ་མ་བྱ་བ་ཆུང་ཆུང་ཞིག་མ་རེད།  གཞན་དག་ལས་རིག་གཉེར་མཁན་ཚོར་ནོར་འཁྲུལ་བྱུང་ཡང་རང་རང་གི་ནོར་འཁྲུལ་ལས་མི་མང་ལ་གནོད་སྐྱེལ་མི་སྲིད། དགེ་རྒན་གྱི་ལམ་དེ་ནོར་བ་ཡིན་ན་མི་མང་པོའི་ལམ་ནོར་འགྲོ་བ་ཡིན་པས། དགེ་རྒན་ཚོས་ཀྱང་རང་གིས་རང་ལ་བསྐུལ་མ་གཏོང་རྒྱུ་རྩ་དོན་ཡིན།
ཁྱུང་ཡོན་ནས 2014ལོའི་ཟླ་བ05པའི་ཚེས་08ཉིན་ངའི་དགའ་མོ་དགེ་རྒན་ཞིག་གིས་སྐུལ་མ་ལྟར་བྲིས།

No comments

Post a Comment