Aug 21, 2015

སྟོད་ལུང་མོང་བཟའ་ཁྲི་ལྕམ་གྱི་གནས་བབ་ལ་དཔྱད་པ།

ཨ་ཉོག་ལྕགས་རྡོ། ནང་དོན་གནས་བསྡུས།   མོང་བཟའ་ཁྲི་ལྕམ་གྱི་མཚན་གནས་གང་ཡིན་དང་དེ་དག་ལོ་རྒྱུས་ཡིག་ལམ་ཁག་ཏུ་ཇི་ལྟར་འཁོད་པའི་ཚུལ། གཞན་ཡང་མོང་བ... thumbnail 1 summary

ཨ་ཉོག་ལྕགས་རྡོ།

ནང་དོན་གནས་བསྡུས།   མོང་བཟའ་ཁྲི་ལྕམ་གྱི་མཚན་གནས་གང་ཡིན་དང་དེ་དག་ལོ་རྒྱུས་ཡིག་ལམ་ཁག་ཏུ་ཇི་ལྟར་འཁོད་པའི་ཚུལ། གཞན་ཡང་མོང་བཟའ་ཁྲི་ལྕམ་གྱི་མཛད་གལ་ཆེན་འགའ་བཅས་གསལ་འདོན་ཞུས་ཡོད།

སྔོན་གླེང་།

དུས་རབས་བདུན་པའི་ནང་འཛམ་གླིང་ཤར་ཕྱོགས་ན་ཐུ་བྷོད་ཅེས་པའི་རྒྱལ་ཁབ་ཅིག་ཡོད། རྒྱལ་ཁབ་དེའི་རྒྱལ་པོ་ལ་བཙན་པོ་སྲོང་བཙན་སྒམ་པོ་ཞེས་འབོད་ཅིང་།
ཁོང་རྒྱལ་ཁྲིར་འཁོད་པ་ནས་ཕ་གསོད་ལག་དམར་སོགས་ནང་གི་གྱེན་ལོག་པ་རྣམས་རྩ་མེད་བཟོས་ཤིང་། མཐའ་ཡི་རྒྱལ་ཕྲན་དུ་མར་དྲག་པོའི་དམག་གིས་དབང་དུ་བསྡུས། ཕྱི་ཡི་རིག་གནས་ནང་འདྲེན་དང་ནང་གི་དཔལ་འབྱོར་གོང་འཕེལ་གྱིས་རྒྱལ་ཁམས་སྔར་ལས་སྟོབས་འབྱོར་མངའ་ཐང་ཆེ་བར་མཛད། ཁོང་གིས་རྒྱལ་ཁབ་ཀྱི་སྟོབས་འབྱོར་གཟི་བརྗིད་སྔར་ལས་བརྟན་རླིངས་ཡུན་གནས་ཡོང་བ་སོགས་ཀྱི་སླད་དུ། རྒྱལ་ཕྱི་ནང་ནས་བཙུན་མོ་དྲུག་ཙམ་ཁབ་ཏུ་བཞེས་པར་གྲགས། དེ་དག་གི་ཁྲོད་དུ་རིགས་སྲས་འཁྲུངས་བའི་བཙུན་མོ་གཅིག་ཁོ་ན་ཡོད་པ་དེ་ཅི་འདྲ་ཞིག་ཡིན་མིན་གཤམ་ནས་དཔྱད་གླེང་བྱེད་རྒྱུ་ཡིན།

༡ ༽བཙུན་མོ་འདིའི་མཚན་དང་སྐྱེས་ཡུལ་རང་བཞིན།

བཙུན་མོ་ཁོང་གི་མཚན་གྱི་རྣམ་གྲངས། ཡོངས་གྲགས་སུ་མོང་བཟའ་ཁྲི་ལྕམ་དང་། ཆོས་འབྱུང་ལོ་རྒྱུས་འགའ་རེའི་ནང་མོང་བཟའ་ཁྲི་བཙུན། སྐབས་རེར་ཇོ་མོ་མོང་བཟའ་ཞེས་པ་ཙལ་ལས་མ་འཁོད་པ་ཡང་འདུག

ད་དུང་འདིར་མིང་གི་རྣམ་གྲངས་གཞན་ཞིག་ཀྱང་འདུག་པ་ནི། བཀའ་ཆེམས་ཀ་ཁོལ་མ་ལས་ཕོ་གོང་ལྡོང་བཟའ་ཁྲི་བཙུན། ཞང་ཞུང་བཟའ་ཁྲི་བཙུན། རུ་ཡོང་སྟོང་བཟའ་ཁྲི་བཙུན། ལི་ལྕམ་མཐོན་བཟའ་ཁྲི་བཙུན། བཅས་ལ་ “རྒྱལ་པོའི་བཙུན་མོ་བོད་མོ་བཞི”  ཞེས་གསལ་འདུག་པ་ལས། ཞང་ཞུང་བཟའ་ཁྲི་བཙུན་ཕུད་པའི་གཞན་གསུམ་པོ་གང་རུང་ཞིག་མོང་བཟའ་ཡིན་ངེས་པ་ནི། གཤམ་ནས་“དེ་ནས་རྒྱལ་པོའི་དྲུང་དུ་ཁྲི་བཙུན་དང་ལྷ་གཅིག་ཨོང་ཇོ་དང་། མོང་བཟའ་ཁྲི་ལྕམ་དང་གསུམ་གྱིས་ཡོང་ནས་ཕྱག་འཚལ།”ཞེས་པ་ལྟ་བུ་སོགས་སྐབས་དུ་མར་བཙུན་མོ་མོང་བཟའ་འདི་ཉིད་ཐོན་ཡོང་བ་ལས་ཤེས་ཐུབ།

གཞན་ཡང་། འགོས་ལོ་ཙཱ་བ་གཞོན་ནུའི་དཔལ་གྱིས་<<དེབ་ཐེར་སྔོན་པོ་>>ལས། བོད་ཀྱི་རྒྱལ་པོ་རྣམས་རྩ་རྒྱུད་ལས་ལུང་བསྟན་པར་གསུངས་པའི་སྐབས་སུ་བཙུན་མོ་མཆོག་གསུམ་གྱི་ནང་དུ་མཚན་གཞན་ཞིག་གསལ་འདུག་པ་ནི། “འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བརྩོན། །རྟག་ཏུ་ཡིད་ནི་མི་སྐྱོ་བའོ།།” ཞེས་པའི་ལུང་གི་དོན་འགྲེལ་དུ། “སྒྲོལ་མ་དང་གོས་དཀར་མོ་དང་དཀར་མོ་ཆེན་མོ་ནི་བཙུན་མོའི་མཆོག་གསུམ་སྟེ། ཀོང་ཇོ་དང་། བལ་མོ་བཟའ་དང་། འབྲིང་བཟའ་མ་ཐོད་དཀར་རོ། ” ཞེས་པའི་འབྲིང་བཟའ་མ་ཐོད་དཀར་ཟེར་བ་ཞིག་འཁོད་འདུག་པ་འདི་རེད། འབྲིང་བཟའ་མ་ཐོད་དཀར་ཟེར་བ་འདི་ <<དུང་དཀར་ཚིག་མཛོད་>> དང་ <<གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ།>> སོགས་སུ་འཁོད་མི་འདུག
བཙུན་མོ་འདི་བོད་རང་ནས་ཡིན། <<མཁས་པ་ལྡེའུ་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་>> ལས་“རྒྱ་དང་བལ་པོ་ཞང་ཞུང་གསུམ་ལ་གཉེན་ཡང་སྲས་མི་མངའ་ནས། བོད་ཀྱི་མོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་པས་སྲས་གུང་སྲོང་གུང་བཙན་འཁྲུངས་སོ།”  ཞེས་བོད་ཀྱི་མོང་བཟའ་ཁྲི་ལྕམ་དུ་གསལ་བ་དང་། དེ་བཞིན། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གིས་ཀྱང་“མོང་བཟའ་ཁྲི་ལྕམ་དང་། ཞང་ཞུང་བཟའ་ལི་ཐིག་སྨན། མི་ཉག་རུ་ཡོང་བཟའ་བཅས་འདི་གསུམ་ལ་རིགས་མཐུན་གྱི་བཙུན་མོ་རྣམ་གསུམ་ཞེས་འབོད་དགོས་དོན་ནི། <<རྒྱལ་པོའི་བཀའ་ཆེམས་ཀ་ཁོལ་མ།>> ཞེས་པའི་ནང་མོང་བཟའ་ཁྲི་བཙུན་དང་། ཞང་ཞུང་བཟའ་ཁྲི་བཙུན། རུ་ཡོངས་བཟའ་རྒྱལ་མོ་བཙུན་བཅས་ལ་ ‘ཇོ་མོ་བོད་མོ་’ཞེས་དམིགས་སུ་བཀར་ནས་ནས་གསུངས་པ་ལྟར་དེ་དག་བོད་མིའི་རིགས་ཅན་དུ་གྱུར་པ་དབང་གིས་ཡིན།”ཞེས་བསྒྲུབས་པར་མཛད་འདུག་པ་ལས་གསལ།

བོད་ཀྱི་ཡུལ་དབུས་ཀྱི་“སྟོད་ལུང་མོང་”ནས་ཡིན། དེ་ཡང་ཉེ་རབས་བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་ཞ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་“སྟོད་ལུང་མོང་ནས་ཞང་བློན་གྱི་སྲས་མོ་མོང་བཟའ་ཁྲི་ལྕམ་བཅས་རིམ་བཞིན་ཁབ་ཏུ་བཞེས།”  ཞེས་སྟོད་ལུང་མོང་དུ་གསལ་འདུག་པ་དང་།  དེ་བཞིན་<<གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་>> ལས་ཀྱང་“བོད་ཡུལ་དབུས་ཀྱི་ས་ཆའི་སྟོད་ལུང་མོང་(ད་ལྟའི་དུས་སུའང་ཡུལ་མིང་སོ་ན་གནས་)”  ཞེས་པའི་ས་གནས་དེ་ག་རང་ཡིན་པ་གསལ་འདུག་ནའང་། འདི་དག་ནི་ཡོངས་སུ་གྲགས་པ་ཙམ་ལས་རིག་པ་དང་ཡིག་ཆའི་ཁུངས་སྒྲུབ་བྱས་མི་འདུག

བཙུན་མོ་འདིའི་མཛེས་མའི་ཡོན་ཏན།  ཆབ་སྤེལ་ཚེ་བརྟེན་ཕུན་ཚོགས་མཆོག་གི་ <<བོད་ཀྱི་ལོ་རྒྱུས་རག་རིམས་གཡུ་ཡི་ཕྲེང་བ་>>ལས་“ཞང་བློན་གྱི་བུ་མོ་རིགས་གཟུགས་ལང་ཚོའི་དཔལ་ཡོན་སོགས་ཕྱི་དང་ནང་གི་མཛེས་ཆོས་ཡོན་ཏན་མ་ཚང་བ་མེད་པའི་མོང་བཟའ་ཁྲི་ལྕམ་བྱ་བ་བཙུན་མོ་ཀུན་གྱི་ཐོག་མ་ཉིད་དུ་ཁབ་ཏུ་བཞེས་” ཞེས་མཛེས་ཆོས་མ་ཚང་བ་མེད་པ་ཞེས་ཧ་ཅང་ཚད་མཐོའི་བསྔགས་བརྗོད་གནང་འདུག་པ་དང་། གཞན་ཡང་ཉེ་རབས་བྲིས་པའི་བོད་ཀྱི་ལོ་རྒྱུས་ཡིག་རིགས་གང་མང་དུ་ “མོང་བཟའ་ཁྲི་ལྕམ་གྱིས་རྒྱལ་སྲས་གུང་རི་གུང་བཙན་སྐུ་པང་དུ་བཏབ་ནས་བཞུགས་པའི་འཇིམ་སྐུའི་སྣང་བརྙན་མཚར་ཉམས་ལྡན་པ་བཞེངས”  ཞེས་པ་སོགས་ལས་འཇིམ་སྐུ་སྣང་བརྙན་མཚར་ཉམས་ལྡན་པར་བཞེངས་ཞེས་པ་ལས་ཀྱང་། ང་ཚོའི་བཙན་མོ་འདིའི་སྐྱེ་གཟུགས་ལང་ཚོའི་མཛེས་ཆོས་མངོན་པར་མཚོན་བྱེད་ཅིག་ཡིན་པ་ཤེས་ཐུབ།

༢༽ མོང་བཟའ་ཁྲི་ལྕམ་བཙུན་མོ་ཀུན་གྱི་ཐོག་མ་ཡིན་མིན།

བཙུན་མོ་ཀུན་གྱི་ཐོག་མ་ཡིན་པར་བཞེད་པ། དེ་ཡང་བོད་ཀྱི་ལོ་རྒྱུས་རྙིང་རིགས་སུ་བགྲངས་བའི་ <<བཀའ་ཆེན་ཀ་ཁོལ་མ>> ལས་ “རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་བཙུན་མོ་སྔ་ཤོས་ནི་ཕོ་གོང་ལྡོང་བཟའ་ཁྲི་བཙུན་ཡིན། [དེའི་ལྷ་ས་མཁར་བྲག་ལྷ་ཁང་ན་བཞུགས་ཡོད་པ་ཡིན་ནོ། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་བཙུན་མོ་སྔ་མ་ཤེས་ནི་ཕོ་གོང་ལྡོང་བཟའ་ཁྲི་བཙུན་ཡིན།] དེས་ལྷ་ས་མཁར་བྲག་ལྷ་ཁང་བཞེངས་པའི་རྨང་བཏིང་ངོ།”  ཞེས་དང་ “བཙུན་མོ་སྔ་མ་ཕོ་གོང་བཟའ་ཁྲི་བཙུན་གྱིས་མཁར་བྲག་ལྷ་ཁང་ཤིང་དང་གསེར་དངུལ་ཟངས་ལྕགས་རྣམས་ལ་བཞེངས་པ་ཡང་ཚར།”  ཞེས་བཙུན་མོ་ཀུན་གྱི་ཐོག་མར་བཞེད་པ་དང་།

དེ་བཞིན་<<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་>>ལས་“བཙན་པའི་གདུང་རྒྱུད་འབྱུང་ཆེད་སྔ་རྗེས་སུ་མོང་བཟའ་ཁྲི་ལྕམ་དང་། ཞང་ཞུང་བཟའ་ལི་ཐིག་སྨན། མི་ཉག་རུ་ཡོང་བཟའ་རྒྱལ་མོ་བཙུན་བཅས་རིགས་མཐུན་གྱི་བཙུན་མོ་གསུམ་ཁབ་ཏུ་བཞེས་”  ཞེས་དང་། “ཞང་བློན་གྱི་བུ་མོ་རིགས་གཟུགས་ལང་ཚོའི་དཔལ་ཡོན་སོགས་ཕྱི་དང་ནང་གི་མཛེས་ཆོས་ཡོན་ཏན་མ་ཚང་བ་མེད་པའི་མོང་བཟའ་ཁྲི་ལྕམ་བྱ་བ་བཙུན་མོ་ཀུན་གྱི་ཐོག་མ་ཉིད་དུ་ཁབ་ཏུ་བཞེས་པ་ནི་བོད་ཀྱི་ཚད་ལྡན་ལོ་རྒྱུས་ཡིག་ཆ་དག་གི་ནང་ ‘བཙུན་མོ་སྔ་མ་མོང་བཟའ་ཁྲི་བཙུན་་་་་་དེའི་ཕྱི་མ་ཞང་ཞུང་བཟའ་ཁྲི་བཙུན་་་ (དེ་ནས་) རུ་ཡོང་བཟའ་རྒྱལ་མོ་བཙུན་་་་་’འཁོད་ཡོད་པ་ལྟར་བཙུན་མོ་ཐམས་ཅད་ཀྱི་སྔ་མར་གྱུར་པ་མོང་བཟའ་ཁྲི་ལྕམ་འདི་ཉིད་ལ་རྒྱལ་སྲས་གུང་རི་གུང་བཙན་ཞེས་པ་བཙན་པའི་གདུང་རྒྱུད་དྲི་མས་མ་གོས་པ་ཞིག་བདེ་བར་འཁྲུངས།”  ཞེས་དང་།

དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་བཙུན་མོ་ “དང་པོ་མོང་བཟའ། གཉིས་པ་ཞང་བཟའ། གསུམ་པ་མི་ཉག་བཟའ། བཞི་པ་རུ་ཡུང་བཟའ། ལྔ་པ་བལ་བཟའ། དྲུག་པ་རྒྱ་བཟའ་” ཡིན་པ་འཐད་ཕྱོགས་སུ་བཞེས་འདུག

བཙུན་མོ་ཀུན་གྱི་ཐོག་མ་མིན་པར་བཞེད་པ། <<མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་>>ལས་“རྒྱ་དང་བལ་པོ་ཞང་ཞུང་གསུམ་ལ་གཉེན་ཡང་སྲས་མི་མངའ་ནས། བོད་ཀྱི་མོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་པས་སྲས་གུང་སྲོང་གུང་བཙན་འཁྲུངས་སོ།། ”   ཞེས་བཙུན་མོ་གཞན་རྣམས་ལ་སྲས་མ་བྱུང་བའི་རྒྱུ་མཚན་གྱིས་མོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་པས་སྔོན་མ་མིན་པར་བཞེད་འདུག

ཞ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་<<བོད་ཀྱི་སྲིད་དོན་རྒྱལ་རབས་>>ལས་ “དེ་རྗེས་སུ་ཞང་ཞུང་གི་རྒྱལ་པོ་ལི་མིག་སྐྱའི་སྲས་མོ་ཞང་ཞུང་བཟའ་ལི་ཐིག་དམན་དང་། མི་ཉག་རྒྱལ་པོའི་སྲས་མོ་རུ་ཡོང་བཟའ་རྒྱལ་མོ་བཙུན། སྟོད་ལུང་མོང་ནས་ཞང་བློན་གྱི་སྲས་མོ་མོང་བཟའ་ཁྲི་ལྕམ་བཅས་རིམ་བཞིན་ཁབ་ཏུ་བཞེས།”  ཞེས་རྒྱ་བར་གྱི་བཙུན་མོ་གཉིས་བཞེས་རྗེས་གོང་གསལ་བཙུན་མོ་བཞི་པོ་རིམ་གྱིས་བཞེས་པར་གསུངས་འདུག

ནོར་བྲང་ཨོ་བྲང་ཨོ་རྒྱན་ལགས་ཀྱིས་<<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ་ཡིད་ཀྱི་དགའ་སྟོན>>ལས་ཀྱང་ “དེ་ནས་བཙུན་མོ་རྒྱ་བཟའ་དང་བལ་བཟའ་གཉིས་ལ་སྲས་མ་བྱུང་བར་རུ་ཡོང་བཟའ་དང་། ཞང་ཞུང་བཟའ་ལི་ཐིག་སྣམ། སྟོད་ལུང་མོང་བཟའ་ཁྲི་ལྕམ་རྣམས་སྔ་རྗེས་ཁབ་ཏུ་བཞེས་པར། སྔོན་མ་རུ་ཡོང་བཟའ་དང་། ཞང་ཞུང་བཟའ་གཉིས་ལ་སྲས་མ་བྱུང་བར། རུ་ཡོང་བཟའི་རྟེན་སྐལ་དུ་བྲག་ལྷ་ཀླུ་ཕུག་གི་སྐུ་རྣམས་གསལ་བར་བརྐོས་ཏེ་ཚྭ་ལ་བརྒྱད་བཅུ་སྡེ་སྟེ་ཚྭ་བྲེ་བརྒྱད་ལ་འབྲུ་བྲེ་བཅུ་རེའི་ཐང་གཞི་བྱེད་པའི་དུས་བྲག་ཕྱེ་བྲེ་རེ་ཕེད་པ་ལ་ཚྭ་བྲེ་རེ་བྱིན་ནས་བྲག་ལ་བསྐོར་ཁང་བཟོས་པ་དང་། ཐིམ་བུ་ལྐོག་གི་ལྷ་ཁང་བཞེངས་པ། མོང་བཟའ་ཁྲི་ལྕམ་ལ་སྲས་གུང་རི་གུང་བཙན་ལྕགས་སྦྲུལ་ལོར་(གསལ་མེ) བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་དུ་སྐུ་འཁྲུངས་པའི་ཡུམ་སྲས་དེ་གཉིས་ཀྱི་རྟེན་སྐལ་དུ་འཕགས་མ་སྒྲོལ་མའི་སྐུའི་དབྱིབས་ཅན་གྱི་རིའི་ཐོག་ཏུ་དཔལ་གྱི་ཡེར་པའི་ལྷ་ཁང་བཞེངས་པ།”  ཞེས་རྒྱ་བལ་དང་ཞང་ཞུང་གི་བཟའ་སོགས་ལ་སྲས་མ་བྱུང་བས་བྲག་ལྷ་ཁང་སོགས་བཞེངས་པ་དང་། ཕྱི་མ་མོང་བཟའ་ཁྲི་བཙུན་ལ་སྲས་གུང་རི་གུང་བཙན་འཁྲུངས་ཞེས་གསལ་འདུག

བཙུན་མོ་ཀུན་གྱི་ཐོག་མ་ཡིན་མིན་ལ་གསལ་ཁ་མེད་པ། རྒྱ་ཡི་ཐང་ཡིག་གསར་མའི་ནང་བཙན་པོ་སྲོང་བཙན་སྒམ་པོ་“དེ་ལ་སྲས་མེད་ནས་ཚ་བོ་ཞིག་རྒྱལ་སར་བཀོད” ཅེས་གསལ་བ་དང་། ཐང་ཡིག་རྙིང་མར་“ཁྲི་སྲོང་བཙན་ལ་སྲས་མེད་པས་ཙ་བོ་ཞིག་རྒྱལ་སར་གསོལ་པའང་། བཙན་པོར་འབོད།” ཅེས་པ་ཙམ་ལས་གསལ་ཁ་གང་ཡང་མི་འདུག
ཚལ་པ་ཀུན་དགའ་རྡོ་རྗེའི་<<དེབ་ཐེར་དམར་པོ་>>རུ་ “དེ་ནས་མོང་བཟའ་ཁྲི་བཙུན་གྱི་སྲས་གུང་སྲོང་གུང་བཙན་ཆབ་སྲིད་ལོ་ལྔ་བཟུང་། དགུང་ལོ་བཅོ་བརྒྱད་པ་ལ་ཡབ་ཀྱི་གོང་དུ་འདས།”  ཞེས་པ་ཙམ་ལས་གང་ཡང་གསལ་མེད།
ཉང་རལ་ཉི་མ་འོད་ཟེར་གྱི་ <<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།>> དུ་སྤྱིར་བཙུན་མོ་མོང་བཟའ་སྐོར་ཅུང་ཟད་རེ་འདུག་ཀྱང་བཙུན་མོ་སྔ་ཕྱི་གང་ཡིན་གྱི་ཚིག་སྣེ་གང་ཡང་གསལ་མི་འདུག
འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་ <<དེབ་ཐེར་སྔོན་པོ>> དུ་ཡང་ལྷ་མོ་དཀར་མོ་ཆེན་མོའི་རྣམ་སྤྲུལ་འབྲིང་བཟའ་ཐོད་དཀར་མ་ཞེས་པ་ཞིག་ལས་མོང་བཟའ་སྐོར་གང་ཡང་གསལ་མི་འདུག

༣༽དོན་དངོས་ཀྱི་བཙུན་མོ་ཀུན་གྱི་ཐོག་མ་སུ་ཡིན་ལ་དཔྱད་པ།

གོང་གསལ་ལོ་རྒྱུས་དེ་དག་ཏུ་བཙུན་མོ་མོང་བཟའ་ཁྲི་ལྕམ་འདི་ཉིད་བཙུན་མོ་ཀུན་གྱི་ཐོག་མ་ཡིན་པར་བཞེད་པ་དང་མིན་པར་བཞེད་པ། ཡང་ན་གང་ཡང་མ་གསལ་བའི་ལོ་རྒྱུས་ཡིག་རིགས་དེ་ལྟར་འདུག་པ་གང་ལྟར་ཡང་། ལོ་ཚིགས་སོགས་ཀྱི་རྒྱུ་མཚན་གུང་སྒྲིག་ནས་ཅུང་ཟད་དཔྱད་ན་མོང་བཟའ་འདི་ཉིད་བཙུན་མོ་ཀུན་གྱི་ཐོག་མ་ཡིན་པ་རང་བཞིན་གྱིས་སྒྲུབ་ཐུབ་པར་འདུག

དེ་ཡང་སྲས་གུང་སྲོང་གུང་ལོ་བཅོ་བརྒྱད་ནས་གྲོངས་རྗེས་བཙན་པོ་སྲོང་བཙན་སྒམ་པོས་སླར་ཡང་རྒྱལ་སྲིད་ལོ་གསུམ་ལ་བསྐྱངས་པའི་དབང་དུ་བཏང་ཚེ། མོང་བཟའ་ཁྲི་ལྕམ་ཉུང་མཐར་ཡང་བཙན་པོ་མ་འདས་པའི་ལོ་ཉེར་གཅིག་གོང་བཙུན་མོར་བསུ་དགོས་ཤིང་། དེ་ལྟར་ན་མོང་བཟའ་འདི་ཉིད་རྒྱ་བཟའ་མ་བཞེས་པའི་ལོ་བཅུ་གཉིས་སྔོན་ནས་བོད་བཙན་པོའི་བཙུན་མོར་བཞེས་ཡོད་དེ། སྲོང་བཙན་༦༥༠ ལ་འདས་ཤིང་རྒྱ་བཟའ་༦༤༡ ལ་ཐང་ནས་བཙུན་མོར་བཏང་བ་དང་། ལོ་ཚིགས་འདི་ལྟར་ན་མོང་བཟའ་འདི་ཉིད་ཉུང་མཐར་ཡང་ ༦༣༠ སུམ་ཅུའི་ནང་བཞེས་པར་ངེས་པའི་ཕྱིར་རོ།

སྤྱིར་བོད་ཀྱི་བཙན་པོ་གོང་མ་རྣམས་ཕལ་ཆེར་གྱིས་རྒྱལ་ཁྲིར་འཁོད་ནས་མི་རིང་བར་རིགས་སྲས་སྐྱེས་ཕྱིར་བཙུན་མོ་བཞེས་ཀྱི་ཡོད་པ་ལྟར་ན། བཙན་པོ་སྲོང་བཙན་སྒམ་པོ་འདི་༦༡༧ ལ་སྐུ་འཁྲུངས་ཤིང་དགུང་ལོ་བཅུ་གསུམ་ ༦༢༩ རྒྱལ་ཁྲིར་ཕེབས་མ་ཐག་མོང་བཟའ་ཁྲི་ལྕམ་འདི་ཉིད་བཙུན་མོར་བཞེས་པའི་དབང་དུ་བཏང་ཚེ། སྲས་གུང་སྲོང་གུང་བཙན་ལོ་དགུང་ལོ་བཅོ་བརྒྱད་དུ་བཤེགས་ཤིང་། བཙན་པོ་སྲོང་བཙན་སྒམ་པོས་སླར་ཡང་སྲིད་ལོ་གསུམ་ལ་བསྐྱངས་པ་སོགས་ཀྱི་ལོ་རྒྱུས་ཀྱི་དོན་ཆེན་རྣམས་ཏག་ཏག་ལྷུ་འགྲིག་ཡོང་གི་འདུག
དེ་བཞིན་སྐབས་དེའི་ཕ་མའི་རུས་རྒྱུད་ཀྱི་ཞེན་པའི་གོམ་སྲོལ་དང་། དམག་དོན་གྱི་གནས་བབས་སོགས་ལས་ཀྱང་བཙུན་མོ་ཀུན་གྱི་ཐོག་མ་མོང་བཟའ་འདི་ཉིད་ཡིན་པ་གྲུབ་ཐུབ་ཚོད་དུ་འདུག་ཀྱང་འདིར་ཞིབ་ཏུ་དཔྱད་མེད། དེ་བས་འདིར་རྒྱ་བཟའ་ལས་མོང་བཟའ་སྔོན་དུ་བཞེས་པ་ལས་བལ་བཟའ་དང་ཞང་ཞུང་བཟའ་སོགས་ཀྱི་སྔོན་དུ་བཞེས་པའི་སྒྲུབ་བྱེད་མ་བཀོད་པ་ནི། མོང་བཟའ་ཁྲི་ལྕམ་བཙུན་མོ་ཀུན་གྱི་ཐོག་མ་མིན་པར་བཞེད་པའི་ཆོས་འབྱུང་ལོ་རྒྱུས་ཀུན་གྱིས་མོང་བཟའ་ལས་རྒྱ་བལ་བཟའ་གཉིས་སྔོན་དུ་བཞེས་པ་གཅིག་གྱུར་ཏུ་འཁོད་འདུག་པ་དང་། རྒྱ་བལ་གྱི་བཟའ་གང་རུང་སྔོན་དུ་མ་བཞེས་པར་སྒྲུབ་ཐུབ་ན་དེ་དག་གི་བཞེད་པ་ཡོད་ཚད་རང་བཞིན་གྱི་དགག་ཐུབ་པས་ཡིན།

བཙུན་མོ་ཀུན་གྱི་ཐོག་མ་སུ་བཞེས་པ་དཔྱད་དོན། སྤྱིར་འཛམ་གླིང་དང་བྱེ་བྲག་བོད་གངས་ཅན་ཡུལ་གྱི་རྒྱལ་པོ་རྣམས་ཀྱི་བཙུན་མ་སྔ་བ་སུ་བཞེས་པ་ཡིན་ན། དེ་ཉིད་བཙུན་མོ་ཆེ་བ་ཞེས་དབང་གོ་ས་མཐོ་བ་བཞིན། མོང་བཟའ་འདི་ཉིད་བཙུན་མོའི་ཐོག་མ་ཡིན་མིན་ལས་མོང་བཟའ་ཁྲི་ལྕམ་གྱི་གོ་གནས་ཤེས་ཐུབ་པ་དང་། དེ་བཞིན་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཆོས་ལུགས་ལེགས་འགྲེལ་གྱི་ཆེད་དུ་ལོ་རྒྱུས་ཀྱི་དོན་དངོས་གང་མང་ཞིག་ནག་བསུབ་ཏུ་བཏང་བ་དང་། དེ་བཞིན་ཀྱོག་བཤད་བྱས་པ་གང་མང་ཞིག་ཡོད་པར་ཁ་སྐོང་དང་དྲང་སྲོང་རེ་ཡོང་བར་ཡིད་ཆེས་བྱེད་ཀྱིན་ཡོད་པ་ཡིན།

སྟོད་ལུང་མོང་བཟའ་ཁྲི་བཙུན་གོ་གནས། བཙུན་མོ་ཀུན་གྱི་ཐོག་མར་བཞེས་པས་བཙུན་མོ་རྒན་པའི་གོ་གནས་ཡོད། སྲས་གུང་སྲོང་གུང་བཙན་འཁྲུངས་པས་རྒྱལ་ཡུམ་གྱི་གོ་གནས་ཡོད། སྐྱེས་ཡུལ་བོད་ཡུལ་དབུས་ཀྱི་སྟོད་ལུང་མོང་ཡིན་པས་རིགས་མཐུན་གྱི་བཙུན་མོ་གསུམ་གྱི་གྲལ་དུ་ཡོད། རྒྱ་སྲིད་ལ་བྱས་པ་ཆེ་ཞིང་བཙན་པོ་ཡི་ཐུགས་ལ་བཏགས་པས་མཆོག་ཏུ་གྱུར་པའི་བཙུན་མོ་གསུམ་གྱི་གྲལ་དུ་ཡོད་པ་སོགས་ནི། བཙན་མོ་མོང་བཟའ་ཁྲི་ལྕམ་འདི་ཉིད་ཀྱིས་བོད་བཙན་པོའི་རྒྱལ་ཁམས་ནས་བཟུང་བའི་གོ་གནས་ཡིན།

ཞང་བློན་ཞིག་གི་སྲས་མོའང་ཡིན། དེ་ཡང་ལོ་རྒྱུས་སྨྲ་བའི་དབང་པོ་ཞ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་སྲིད་དོན་རྒྱལ་རབས་ལས་གསལ་བ་ལྟར་“སྟོད་ལུང་མོང་ནས་ཞང་བློན་གྱི་སྲས་མོ་མོང་བཟའ་ཁྲི་ལྕམ་”  ཞེས་དང་། དེ་བཞིན་བོད་ཀྱི་ལོ་རྒྱུས་སྨྲ་བ་ཆབ་སྤེལ་ཚེ་བསྟན་ཕུན་ཚོགས་མཆོག་གིས་ཀྱང་“ཞང་བློན་གྱི་བུ་མོ་རིགས་གཟུགས་ལང་ཚོའི་དཔལ་ཡོན་སོགས་ཕྱི་དང་ནང་གི་མཛེས་ཆོས་ཡོན་ཏན་མ་ཚང་བ་མེད་པའི་མོང་བཟའ་ཁྲི་ལྕམ་”  ཞེས་ཞང་བློན་གྱི་སྲས་མོ་ཡིན་པ་གསལ་འདུག

༤༽ སྟོད་ལུང་མོང་བཟའ་ཁྲི་ལྕམ་གྱི་རླབས་ཆེ་བའི་མཛད་པ།

མཛད་པ་དང་པོ། བཙན་པོའི་རིགས་སྲས་འཁྲུངས་པ། བཙན་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་དང་མཛད་པ་གསལ་བའི་ <<བཀའ་ཆེམས་ཀ་ཁོལ་མ་>> སོགས་ཆོས་འབྱུང་ལོ་རྒྱུས་མང་པོ་ཞིག་གི་ནང་དུ་བཙུན་མོ་མོང་བཟའ་སྐོར་ཟ་དང་ཟུར་ནས་གསལ་མ་གསལ་ཅི་རིགས་དང་། གསལ་བ་ཁག་གི་ནང་དུའང་བཙུན་མོ་མོང་བཟའང་འདི་ཉིད་ལ་སྲས་འཁྲུངས་མིན་དང་མཚན་གནས་འཁྲུངས་འདས་སོགས་གང་ཡང་མ་བཀོད་པར་ལུས་འདུག་པ་དང་། ལྷག་ཏུ་སྲོང་བཙན་སྒམ་པོ་ཁོང་གི་མཛད་པ་དང་འཕྲིན་ལས་ཞེ་ཅིག་འཁོད་པའི་<<བཀའ་ཆེམས་ཀ་ཁོལ་མ་>> ལྟ་བུར་དེ་ལྟར་མ་འཁོད་པར་ལུས་འདུག་པ་ནི། བོད་བཙན་པོའི་བྱུང་རབས་དོ་སྣང་ཞིབ་གཉེར་བྱེད་མཁན་ཞིག་གི་ངོས་ཐད་ནས་བསམ་ན་ཧ་ཅང་ཡིད་ཕབས་པ་ཞིག་རེད།

ཡིན་ནའང་། སྔ་ཕྱིའི་དེབ་ཐེར་གསར་རྙིང་གཞན་དང་གཞན་དུ་ “དེ་ནས་མོང་བཟའ་ཁྲི་བཙུན་གྱི་སྲས་གུང་སྲོང་གུང་བཙན་ཆབ་སྲིད་ལོ་ལྔ་བཟུང་། དགུང་ལོ་བཅོ་བརྒྱད་པ་ལ་ཡབ་ཀྱི་གོང་དུ་འདས།”  ཞེས་པ་ལྟ་བུ་དང་ “བོད་ཀྱི་མོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་པས་སྲས་གུང་སྲོང་གུང་བཙན་འཁྲུངས་སོ།”  ཞེས་པ་ལྟ་བུ་དང་། “སྲོང་བཙན་གྱི་བཙུན་མོ་གཞན་ལ་སྲས་མ་བྱུང་ཞིང་། སྟོད་ལུང་མོང་བཟའ་ཁྲི་ལྕམ་ལ་སྲས་གུང་སྲོང་གུང་བཙན་འཁྲུངས། དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས་རྒྱལ་སྲིད་ཀྱི་ཁྲིར་འཁོད་ཀྱང་། དགུང་ལོ་བཅོ་བརྒྱད་ལ་སྐུ་གཤེགས་པས་ཡབ་སྲོང་བཙན་སྒམ་པོས་སླར་ཡང་རྒྱལ་སྲིད་བསྐྱངས།”ཞེས་བཙུན་མོ་གཞན་ལ་སྲས་མ་བྱུང་བ་དང་། བཙུན་མོ་མོང་བཟའ་ཁྲི་ལྕམ་འདི་ཉིད་ལ་འཁྲུངས་པའི་སྲས་ཀྱི་མཚན་དང་། རྒྱལ་སྲིད་བཟུང་ཚུལ་དང་འཁྲུངས་འདས་ལོ་ཚིགས་གསལ་བོར་འཁོད་འདུག་པ་ནི་སྤྲོ་བ་འཕེལ་ཞིག་རེད།

དེར་བོད་ཀྱི་ལོ་རྒྱུས་སྨྲ་བའི་རྒན་རབས་པ་འགའ་རེས་ “བཙུན་མོ་ཐམས་ཅད་ཀྱི་སྔ་མར་གྱུར་པ་མོང་བཟའ་ཁྲི་ལྕམ་འདི་ཉིད་ལ་རྒྱལ་སྲས་གུང་རི་གུང་བཙན་ཞེས་པ་བཙན་པའི་གདུང་རྒྱུད་དྲི་མས་མ་གོས་པ་ཞིག་བདེ་བར་འཁྲུངས། དེ་ལྟར་རྒྱལ་སྲས་ཟླ་བ་གསར་པ་གངས་ཅན་ཤར་རིའི་རྩེ་ནས་ལྷགས་པར་བཙན་པོ་ཡབ་ཡུལ་བློན་འབངས་དང་བཅས་ཐུགས་ཡིད་ཀྱི་སྤྲོ་བ་རབ་ཏུ་འཕེལ་ཞིང་། བཙས་སྟོན་ཡང་ཤིན་ཏུ་རྒྱ་ཆེར་མཛད་དོ།”  ཞེས་ཡིད་དགའ་བ་མངོན་པར་མཚོན་པའི་དོན་ལ་སྙན་པའི་ཚིག་གིས་སྤྲོས་པར་བྱས་འདུག
མཛད་པ་གཉིས་པ། ནང་བསྟན་ལྷ་ཁང་བཞེངས་པ། <<བཀའ་ཆེན་ཀ་ཁོལ་མ་>> ལས་“བཙུན་མོ་སྔ་མ་ཕོ་གོང་བཟའ་ཁྲི་བཙུན་གྱིས་མཁར་བྲག་ལྷ་ཁང་ཤིང་དང་གསེར་དངུལ་ཟངས་ལྕགས་རྣམས་ལ་བཞེངས་པ་ཡང་ཚར།” ཞེས་བཙུན་མོ་འདི་ཉིད་ཀྱིས་མ་གདན་ཤིང་ལས་གྲུབ་ཅིང་མཛེས་རྒྱན་གསེར་དངུལ་གྱིས་སྤྲས་པའི་བྲག་ལྷ་ཁང་ཞེས་པ་ཐུགས་དམ་གྱི་བརྟེན་དུ་བཞེངས་པར་གསལ་བ་དང་།  སྲིད་དོན་རྒྱལ་རབས་ལས་ “མོང་བཟའ་ཁྲི་ལྕམ་གྱིས་ཡེར་པའི་ལྷ་ཁང་བཅས་བཞེངས་སོ།”འབྱུང་བ་བཞིན་རེད་འདུག་ལ། མཁར་བྲག་ལྷ་ཁང་དང་ཡེར་པའི་ལྷ་ཁང་། བྲག་ཡེར་པའི་གཙུག་ལགས་ཁང་སོགས་མིང་རྣམ་གྲངས་ཡིན་པར་འདུག་ལ། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ “ཡེར་པ། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བཞེངས་པའི་བྲག་ཡེ་པའི་ལྷ་ཁང་། (དེང་སང་ལྷ་སའི་ཤར་ཕྱོགས་ཡེར་པ་གྲོང་ཚོ་)” ཞེས་གསུངས་འདུག་པ་དང་། ལྷ་ཁང་འདིའི་ལོ་རྒྱུས་སོགས་དངོས་སུ་ལག་སོན་མ་བྱུང་བས་རེ་ཞིག་དེ་ཙམ་ལས་རྒྱས་འགྲེལ་བྱས་མེད།

མཛད་པ་གསུམ་པ། བཙན་པོ་གྲོངས་རྗེས་ནང་འདོམ་མཛད་པ། མཛད་པ་འདི་ནི་ཉང་རལ་ཉི་མ་འོད་ཟེར་གྱི་<<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་>> ཁོ་ན་ལས་མཇལ་བ་ཞིག་ཡིན་ལ། དེ་ཡང་བཙན་པོ་སྲོང་བཙན་སྒམ་པོ་དེ་ཉིད་བོད་ཡུལ་ཁ་བ་ཅན་གྱི་འགྲོ་དོན་རེ་ཞིག་རྫོགས་པའི་ཚུལ་གྱིས་ “རྒྱལ་པོ་ཡབ་ཡུམ་གསུམ་པོ་ལྷ་ལ་བྱེ་[མ་]དང་ཆུ་འདྲེས་པ་ལྟར་ཐིམ་”པར་གྱུར་ཅིང་། འོད་ཀྱིས་ “ར་སའི་གཙུག་ལག་ཁང་ཐམས་ཅད་ཁྱབ་པར་གྱུར་” པ་དང་། “ཕྱི་ནས་བློན་པོ་བཅུ་དྲུག་པོ་སླེབས་ཏེ། རྒྱལ་པོའི་བེར་ཁྲི་ཐོག་ན་ཅམ་མེ་འདུག རྒྱལ་པོ་སྐུ་མི་བཞུགས་པར་མཐོང་བས། དེར་བློན་པོ་བསེ་རུ་གུང་སྟོན་ན་རེ། སྣ་ཆེན་པོ་ཁྱོད་རྒྱལ་པོའི་སྐུ་སྲུང་ལ་བཞག་པ་ཡིན་པ་ལ། རྒྱལ་པོ་གར་གཤེགས་ཟེར་རོ། །ཚིག་དེ་ལན་གསུམ་དུ་བཟླས་ཀྱང་སྣེ་ཆེན་པོ་སྙམ་ན། ཚུལ་དེ་ལྟ་བུ་སུ་ལ་བཟླས་ཀྱང་ཡིད་ཆེས་པར་མི་འགྱུར་སྙམ་ནས། མགོ་བསྟུམས་ཏེ་ངོ་གནོང་<གནག>པར་གྱུར་ཏོ། །

དེ་ལ་བློན་པོ་བལ་གྱི་གཏན་རིང་པོ་<སྦས་སྒྱིད་ཐག་རིང་མོ་> ན་རེ། སྣ་ཆེན་པོ་ཁྱོད་བོད་ཀྱི་ཞང་བློན་རྣམས་ཀྱི་བཀའ་ལན་གསུམ་དུ་གཅོག་གམ་སྐེ་གཅད་དམ་ཟེར་ནས། ཇོ་མོ་མོང་བཟའ་སྙམ་ན། སྣ་ཆེན་པོ་སྐེ་བཅད་ན་བོད་ཐམས་ཅད་འཐབས་ནས། ཡབ་རྒྱལ་པོ་ནི་ལྷ་ལ་ཐིམ། སྲས་ནི་ཆུང་། རྒྱལ་ཁྲིམས་ཞིག་ ༼ནས་༽ འགྲོ་སྙམ་ནས། ཁོང་རྒྱལ་པོ་ཡབ་ཡུལ་གསུམ་ཀ་ལྷ་ཇོ་བོ་ཏུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་ཐལ་བྱས་ནས། དེར་སྣ་ཆེན་པོའི་བསམ་པ་ལ། ཇོ་མོས་ཤགས་འབྱེད་པ་འདུག་སྙམ་ནས་ཇི་ལྟར་གྱུར་པ་༼རྣམས་༽དང་། གསུངས་པར་གྱུར་པ་རྣམས་སྨྲས་སོ། །དེའི་དཔང་པོ་ལ་རྒྱལ་པོའི་བེར་ཀྱང་མངོན་གསུམ་མོ། །ཇོ་མོ་གསུམ་གྱི་ཕྱག་རྟེན་ཡང་མངོན་གསུམ་མོ། །ཇོ་མོ་མོང་བཟའ་ཁྲི་ལྕམ་ཡང་མངོན་སུམ་དུ་ཡོད་བྱས་པས་བློན་པོ་ཆེན་པོ་ནས། རྒྱལ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པའི་གཏན་ཚིགས་ཅི་ཡོད་པ་ཡིན”  ཞེས་ཡབ་སྲོང་བཙན་སྒམ་པོ་འདས་ཤིང་། སྲས་ཀྱི་དགུང་ལོ་ཆུང་བས་སྲིད་ཁྲི་མི་ནོན་མི་ཐུབ་པའི་དུས་སྐབས་དེ་འདྲ། སྣ་ཆེན་པོ་སྐེ་བཅད་སོགས་ཀྱིས་བཙན་པའི་སྲིད་གཞུང་གི་ནང་ཁུལ་འཁྲུག་ན་བོད་ཁམས་ཐམས་ཅད་འཐབས་ནས། རྒྱལ་ཁྲིམས་ཞིག་ནས་བོད་བཙན་པོའི་རྒྱལ་ཁབ་འཐོར་ཆོག་ཆོག་ཡིན་པ་དང་། ཉེན་ཁ་དེ་ལྟ་བུ་ཞིག་མདུན་དུ་ཡོད་ཡོད་པ་ལས་བཙུན་མོ་མོང་བཟའ་ཁྲི་ལྕམ་འདི་ཉིད་ཀྱིས་ནང་འདོམ་མཛད་ཐུབ་འདུག་པ་ནི། བཙུན་མོ་འདི་ཉིད་ཀྱིས་བཞགས་པའི་མཛད་པ་བླ་ན་མེད་པ་ཞིག་ཡིན་ལ་བོད་བཙན་པོའི་རྒྱལ་ཁབ་ཀྱིས་དྲན་གསོ་དགོས་པའི་མཛད་པ་ཞིག་ཀྱང་རེད། །
མཇུག་གཏམ།

དེ་ཡང་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་ཞེས་འཛམ་གླིང་ན་གྲགས་པ་འབར་བའི་རྒྱལ་པོ་དེ་ཉིད་གསེར་ཁྲིར་འཁོད་(༦༢༩) པ་ནས་ཕྱི་ནང་གི་དཀའ་ཁག་དུ་མར་གདོང་གཏུག་དགོས་བྱུང་ཡོད། སྐབས་དེ་དག་ཏུ་སེམས་ཀྱི་སྐྱ་ཡ་དང་ལུས་ཀྱི་ཁན་སར་གྱུར་པ་ནི་བཙུན་མོ་མོང་བཟའ་ཁྲི་ལྕམ་འདི་ཉིད་ཡིན་ལ། བཙན་པོ་སྲོང་བཙན་སྒམ་པོ་ཁོང་འདའ་ཁའི་བོད་འབངས་བདེ་སྡུག་གི་ཞལ་ཆེམས་ལུང་བསྟན་འཇོག་ས་ཡང་བཙན་མོ་འདི་ཉིད་བྱས་འདུག བཙུན་མོ་འདིས་ཀྱང་བཙན་པོའི་ཐུགས་རེ་ལྟར་བོད་བཙན་པོའི་རྒྱལ་ཁབ་སྔར་བཞིན་སྲ་བརྟན་དར་རྒྱས་སུ་གནས་ཐུབ་པར་བྱས་འདུག ཡིན་ནའང་། བོད་ཀྱི་ལོ་རྒྱུས་ཀྱིས་བཙུན་མོ་འདི་དང་འདི་ལྟ་བུའི་སྐྱེ་བོ་དག་ལ་དྲན་བཟོ་མཐོང་ཆེན་མེད་པར། ཕ་མགོ་བུ་གཡོག་བུ་མགོ་དགྲ་གཡོག་གིས་ཉིན་བསྐྱལ་མཚན་ཕུད་ཀྱིས་དུས་འདའ་བར་བྱེད་ཀྱི་ཡོད་པའི་ལེ་ལན་ལས། ང་ཚོའི་ད་ལྟའི་སྐྱ་ཆད་སྔོ་སྡུག་གི་གནས་སྟངས་བསམ་ན་མིག་ཆུ་འཆོར་བ་འདི་བྱུང་བ་རེད་འདུག་ཨང་སྙམ་པ་ཞིག་ཡང་ཡང་དུ་ཡོང་གི་འདུག
                                                                                                    2014.9.3 ཉིན་གྲུབ་པར་བྱས།

No comments

Post a Comment